ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་གནང་བའི་སྙིང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་བཅུ་གསུམ་བར་གྱི་རྒྱལ་བའི་མཛད་པ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ལས་ཀྱང་བརླབས་ཆེ་བའི་མཛད་འཕྲིན་མཛད་ཡོད། དཔེར་ན། མདོ་དང་སྔགས་ལས་བརྩམས་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་འཁོར་ལོ་ཡུལ་དང་། སྐད། བསམ་ཚུལ་མི་འདྲ་བའི་འདུལ་བྱ་ཚད་མེད་པ་ལ་གནང་ཡོད་པ་མ་ཟད། དཔེ་དེབ་བརྒྱ་ཕྲག་ལྷག་ལྗགས་རྩོམ་མཛད་ཡོད། མདོར་ན་དབང་། ལུང་། མན་ངག འཁྲིད། བཀའ་སློབ་ལམ་སྟོན་སོགས་ཀྱི་སྒོ་ནས་ནང་པ་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་ཕན་པ་དང་བདེ་བའི་མཛད་པ་རླབས་ཆེན་ཞིག་མཛད་ཡོད་པ་ཚང་མས་མཁྱེན་གསལ་རེད།
ང་རང་ཚོ་རྗེས་འཇུག་གདུལ་བྱ་ངོས་ནས་༸རྒྱལ་བ་རིན་པོ་ཆེ་ནི་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཡིན་ཞེས་ཞུ་ཡི་ཡོད། སྤྱིར་བླ་ན་མེད་པའི་དབུ་ཁྲིད་ཅེས་ཞུས་པར་ངའི་ངོས་ནས་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་གཉིས་ཀྱི་ཐོག་ནས་ཞུ་ཚེ། ཚེ་འདིའི་བླ་ན་མེད་པའི་དབུ་ཁྲིད་དང་ང་ཚོའི་ཚེ་རབས་སྟེང་གི་བླ་ན་མེད་པའི་དབུ་ཁྲིད་གཉིས་ཡོད་པའི་ནང་ནས་དུས་རྒྱུན་ཕྱག་དཔེ་དང་ཆོས་ཀྱི་གནད་འགག་མཁྱེན་མཁན་ཚོས་བླ་ན་མེད་པའི་དབུ་ཁྲིད་ཅེས་གསུང་སྟབས། ཚེ་རབས་སྟེང་གི་བླ་ན་མེད་པའི་དབུ་ཁྲིད་ལ་ངོས་འཛིན་གནང་གི་ཡོད། འོན་ཀྱང་རྒྱ་ཆེ་མང་ཚོགས་ཁྲོད་བླ་ན་མེད་པའི་དབུ་ཁྲིད་ཅེས་པའི་དོན་དེར་ཚེ་རབས་སྟེང་གི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་ལ་ངོས་འཛིན་གནང་ཐུབ་ཀྱི་མེད་ཚེ་ད་རེས་གོ་སྐབས་འདིའི་བརྒྱུད་ནས་ཞུ་ན་བསམ་སོང་།
དུས་རྒྱུན་དུ་བླ་མ་ནི་སངས་རྒྱས་ཆོས་དགེ་འདུན་བླ་མ་རེད་ལ་སྐྱབས་གནས་དཀོན་མཆོག་གསུམ་གཅིག་ཏུ་བསྡུས་པའི་བརྡ་རྙིང་ཡིན་པ་བསམ་དགོས་ཀྱི་ཡོད། བླ་མ་དང་སངས་རྒྱས་དངོས་ཡིན་པ་བསམ་དགོས། བླ་མ་དེ་བཞིན་ཚེ་འདིའི་བླ་མ་ཙམ་མིན་པར་བསྐལ་བ་ནས་བསྐལ་བ་དང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་བླ་མའི་རྗེས་སུ་བཟུང་ཐུབ་པ་དང་། བླ་མའི་སྐུ་མདུན་ནས་བཀའ་ཆོས་ཞུ་ཐུབ་པ་དང་། ཞལ་མཇལ་གསུང་ཐོས་ཐུབ་རྒྱུ་དངོས་སུ་ཡོང་བར་སྨོན་ལམ་དང་འབད་བརྩོན་བྱེད་དགོས།
ང་ཚོས་སྨོན་རྒྱག་པའི་སྐབས་སུ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་བྱང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། དེར་བརྟེན་རྗེས་འཇུག་འདུལ་བྱ་ངོས་ནས་བླ་ན་མེད་པའི་དབུ་ཁྲིད་ཅེས་པའི་དོན་དག་དེར་ངེས་པར་ཚེ་འདིའི་དབུ་ཁྲིད་ཙམ་མིན་པར་ང་ཚོའི་ཚེ་རབས་སྟེང་གི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་ལ་ངོས་འཛིན་དང་ཡིད་ཆེས་ཞུ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྨོན་ལམ་དང་མཉམ་དུ་བླ་མའི་བཀའ་སྒྲུབ་དགོས། བཀའ་དེ་བཞིན་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྒྲུབ་དགོས་ཀྱི་ཡོད། དཔེར་ན། ཆོ་གའི་ནང་། རྗེས་ཐོབ་ཀུན་ཏུ་ལས་ཀྱི་མི་དགེ་བ། །སྲོག་གཅོད་རྐུ་དང་འཁྲིག་པའི་ལས་སྤོང་ཞིང་། །བླ་མའི་ཆེད་དུ་ལུས་སྲོག་གཏོང་ཕོད་པའམ། །སྐུའི་དམ་ཚིག་མི་ཉམས་སྲུང་བར་ཤོག །ཅེས་པ་ནི། ལུས་ཀྱི་མི་དགེ་བ་གསུམ་སྤང་སྟེ་བླ་མའི་ཆེད་དུ་ལུས་ཀྱི་ཐོག་ནས་ཞབས་འདེགས་བསྒྲུབ་རྒྱུ་དང་། དེ་བཞིན་ཕྱག་འཚལ་བ་དང་བསྐོར་བ་བརྒྱག་པ་སོགས་ལུས་ཀྱི་ལས་དགེ་བ་སྒྲུབ་དགོས་པ་དང་གཙོ་ཆེ་ཤོས་ལུས་ཀྱི་ཐོག་ནས་བླ་མའི་ཞབས་འདེགས་དང་བླ་མའི་སྲི་ཞུའི་སྒྲུབ་དགོས་ཀྱི་ཡོད།
ཕྱོགས་མཚུངས། ངག་གི་བརྫུན་དང་ཕྲ་མ་ཚིག་རྩུབ་དང་། །ངག་འཁྱལ་སྤོང་ཞིང་བླ་མའི་ཡོན་ཏན་དང་། །བསྟོད་པ་སྙན་གྲགས་བརྗོད་ཞིང་བསྔགས་བཟླས་པས། །གསུང་གི་དམ་ཚིག་མི་ཉམས་སྲུང་བར་ཤོག ཞེས་གསུང་པ་བཞིན། ངག་གི་སྒོ་ནས་མི་དགེ་བའི་བཞི་སྤངས་ཏེ་བླ་མའི་༸སྐུའི་ཡོན་ཏན་དང་སྙན་གྲགས་བརྗོད་པ་དང་བླ་མའི་ཞབས་བརྟེན་འདོན་དགོས་པ་དང་། བླ་མའི་ཆེད་དུ་ངག་གི་སྒོ་ནས་སྲི་ཞུའི་གང་དང་གང་སྒྲུབ་དགོས་པར་དོགས་པ་མེད་པའི་སྒོ་ནས་བསྒྲུབ་དགོས་ཀྱི་ཡོད། ཡིད་ཀྱི་སྒོ་ནས། བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སོགས། །ཡིད་ཀྱི་མི་དགེ་སྤོང་བླ་མ་འདི། སྙིང་ནས་སངས་རྒྱས་དངོས་ཡིན་སྙམ་པ་ཡི། ཐུགས་ཀྱི་དམ་ཚིག་མི་ཉམས་སྲུང་བར་ཤོག །ཞེས་ཡིད་ཀྱི་མི་དགེ་བར་གསུམ་སྤངས་ཏེ་དེའི་ཐོག་ལ་སེམས་ཀྱི་སྒོ་ནས་བླ་མ་འདི་སངས་རྒྱས་མངོན་སུམ་ཡིན་པའི་བསམ་པ་སྐྱེ་བའི་ཐོག་ནས་གསོལ་བ་འདེབས་པ། བླ་མ་ལ་སྐྱབས་དང་མགོན་དཔུང་གཉིས་གཅིག་པར་ཡིན་པའི་འདུ་ཤེས་འཇོག་དགོས།
སྤྱིར་བླ་མའི་འདུ་ཤེས་ནི་གལ་ཆེན་པོ་ཡིན། འདུ་ཤེས་དེ་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ངོས་ནས་བླ་མ་དེ་སངས་རྒྱས་མངོན་སུམ་ཡིན་བསམ་པའི་འདུ་ཤེས་ཡོད་པའི་ཐོག་ནས་བླ་མར་གསོལ་བ་འདེབས་པ་ཡིན་ན་སོ་སོའི་བརྒྱུད་ལ་བླ་མ་སངས་རྒྱས་དངོས་ཀྱི་བྱིན་རླབས་འཇུག་ཐུབ་ཀྱི་ཡོད། སོ་སོའི་ངོས་ནས་བླ་མ་དེ་བྱང་ཆུབ་སེམས་དཔའ་ཡིན་བསམ་པའི་འདུ་ཤེས་སྐྱེ་བའི་ཐོག་ནས་གསོལ་བ་འདེབས་པ་ཡིན་ན་སོ་སོར་བླ་མ་བྱང་ཆུབ་སེམས་དཔའི་བྱིན་རླབས་འཇུག་གི་རེད་མ་གཏོགས་བླ་མ་སངས་རྒྱས་ཡིན་པའི་སྒོ་ནས་བྱིན་རླབས་འཇུག་མི་ཐུབ། དེར་བརྟེན་སོ་སོའི་བརྒྱུད་ལ་བླ་མའི་བྱིན་རླབས་ཆེ་ཆུང་ཇི་ལྟར་འཇུག་མིན་ཐད་གཙོ་བོ་སོ་སོའི་ངོས་ནས་འདུ་ཤེས་འཛིན་སྟངས་ལ་རག་ལས་ཀྱི་ཡོད། སོ་སོའི་ངོས་ནས་དུས་དང་རྣམ་པ་ཀུན་དུ་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་དགོས་ཀྱི་ཡོད། སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་པའི་རྗེས་བླ་མའི་བཀའ་གང་གནང་བ་རྣམས་སངས་རྒྱས་དངོས་ཀྱི་བཀའ་ཡིན་བསམ་པའི་བསམ་པ་སྐྱེ་དགོས་པ་དང་། སངས་རྒྱས་དངོས་ཀྱི་བཀའ་རྣམས་གང་ཐུབ་ཅི་ཐུབ་སྒྲུབ་དགོས་ངེས་ཡིན།
དེ་ཡང་བླ་མའི་བཀའ་ལ་དབྱེ་ན་མང་པོ་ཡོད། དེའི་ནང་ནས་གཙོ་ཆེ་ཤོས་ནི་བླ་མའི་མཛད་པ་ཐམས་ཅད་ཀྱི་ནང་ནས་གཙོ་བོ་མཛད་རྗེས་བཞི་འདི་སོ་སོའི་མ་ཤེས་པ་རྣམས་ཤེས་པར་བཟོ་དགོས་རྒྱུ་དང་། ཤེས་ནས་དེ་དག་སྒྲུབ་པའི་ཐབས་ལ་འབད་བརྩོན་བྱེད་དགོས་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་དག་སྒྲུབ་ཐུབ་པ་ཡིན་ན་གཙོ་ཆེ་ཤོས་རྒྱལ་དབང་དགྱེས་པའི་མཆོད་སྤྲིན། བླ་མ་མཆོད་པའི་བྱ་བ་རྒྱ་ཆེན་པོ་ཞིག་སྒྲུབ་ཐུབ་པ་དེ་འདྲའི་དགོས་པ་རྒྱུ་མཚན་དཔག་ཏུ་མེད་པ་ཞིག་ཡོད་སྟབས། ང་ཚོ་གདུལ་བྱའི་ངོས་ནས་སངས་རྒྱས་དངོས་ཡིན་བསམ་པའི་སྒོ་ནས་བཀའ་བསྒྲུབ་དགོས། གོང་དུ་ཞུས་པ་བཞིན་བླ་མའི་བཀའ་མང་པོ་ཡོད་ཀྱང་མདོར་བསྡུས་ན་མཛད་རྗེས་བཞིའི་ཐོག་ལ་བཀའ་གནང་བ་རྣམས་བསྒྲུབ་ཐུབ་དགོས། ཞེས་སོགས་ཀྱི་བཀའ་སློབ་གནང་། །