ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཏྲེ་ཧོར་དགེ་བཤེས་བསྟན་པ་དར་རྒྱས་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༢ ཉིན་དགོངས་པ་རྫོགས་ནས་ད་ལྟའི་ཆར་སྙིང་ཁ་མི་བཤིག་པའི་ཁམས་སུ་བདེ་ཆེན་གྱི་སྟོང་པའི་ངང་ལས་ཐུགས་དམ་ལ་བཞུགས་ནས་ཉིན་གྲངས་བཅུ་དགུ་ཕྱིན་ཟིན་པ་དང་ད་དུང་ཐུགས་དམ་བཞུགས་མུས་ཡིན་འདུག
དགེ་བཤེས་བསྟན་པ་དར་རྒྱས་ལགས་ནི་ཕྱི་ལོ་༡༩༣༤ ཟླ་བ ༤ ཚེས་ ༡༣ ཉིན་བོད་མདོ་ཁམས་རྟའུ་ཡུལ་དུ་ཡབ་བློ་བཟང་འབུམ་རམས་དང་། ཡུམ་བློ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། ཆུང་དུས་སུ་རྟའུ་ཉི་མཚོ་དགོན་དུ་ཆོས་སྒོར་ཐོག་མར་བཞུགས་ཤིང་དགུང་གྲངས་ཉི་ཤུ་སོན་པ་ན་གདན་ས་ཆེན་པོ་དགའ་ལྡན་དགོན་དུ་ཕེབས་ཏེ་བྱང་རྩེ་གྲྭ་ཚང་དུ་འཛུལ་ཞུགས་གནང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དྲག་པོའི་དམར་གཞུང་གིས་བཙན་རྒོལ་བྱས་པའི་རྐྱེན་གྱིས་རྒྱ་གར་དུ་བྲོས་བྱོལ་ཕེབས་དགོས་བྱུང་བ་དང་། རྒྱ་གར་འབྱོར་རྗེས་སྦག་ས་ཆོས་སྒར་བཞུགས་ནས་སློབ་གཉེར་རྒྱུན་སྐྱོང་གནང་ཞིང་། དེ་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ནས་དཀའ་སྤྱོད་ཚད་མེད་ཀྱི་སྒོ་ནས་ཤིང་ནགས་གཏུབ་བྲེག་སོགས་ཀྱི་ངལ་བ་ལ་བསྟེན་ནས་གདན་ས་གསར་འཛུགས་མཛད་པ་སོགས་སངས་རྒྱས་ཀྱི་བསྟན་པ་ལ་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད། དམ་པ་ཁོང་གིས་རྒྱུན་དུ་གཞན་ལ་སྒྲོ་སྐུར་ཀྱི་ཚིག་ངན་མི་སྨྲ་བ་སྨྲོས་ཅི་དགོས། གཞན་དང་ལྷན་དུ་དོན་མེད་འགྲོགས་འདྲིས་གཏན་ནས་མི་བྱ་བ་ཉིན་གང་པོ་ཞལ་འདོན་དང་སྒོམ་སྒྲུབ་ཉམས་ལེན་ཁོ་ནས་དུས་ཚོོད་འདའ་བར་བྱེད་ཅིང་དེ་ཡང་ཉིན་རེ་དང་ཟླ་རེ་ཙམ་མ་ཡིན་པར་རྒྱུན་བསྲིངས་ནས་ལོ་ངོ་བཅུ་ཕྲག་མང་པོར་ཉིན་མ་གཅིག་ལྟ་བུ་གནང་བས་ན། རྒྱུས་ཡོད་རྣམས་ཀྱིས་དམ་པ་ཁོང་ལ་གུས་བརྩི་དང་ཡིད་སྨོན་ཧ་ཅང་ཆེན་པོ་བྱས་ཤིང་། གཉུག་མ་གནས་པ་ཕལ་མོ་ཆེར་གྱིས་དམ་པ་ཁོང་ནི་དེང་གི་དུས་སུ་སྒྲུབ་པ་འཛིན་པའི་དཔེ་མཚོན་སྲིད་ན་དཀོན་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱིི་ཡོད། དམ་པ་ཁོང་གི་ཉམས་བཞེས་གཙོ་བོ་ནི་སྔགས་ཕྱོགས་ཀྱི་ཐད་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང་ཟུངས་རིན་པོ་ཆེན་སྐུ་གོང་མའི་སྐུ་མདུན་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་མྱོང་ཁྲིད་ཞུས་པ་ནས་བཟུང་ཞལ་འདོན་རྒྱུན་མི་ཆད་པ་གནང་བ་མ་ཟད། དེའི་སྐྱེད་རྫོགས་ཀྱི་རིམས་པ་རྣམས་མྱོང་ཐོག་ལ་སྦྱར་ནས་སྒོམ་སྒྲུབ་གནང་བ་དང་། རྣལ་འབྱོར་མའི་ཉམས་ལེན་ཀྱང་རྒྱུན་འབྱམས་སུ་གནང་ཞིང་། མདོ་ཕྱོགས་ནས་གཙོ་བོ་དབུ་མའི་ལྟ་སྒོམ་དང་ལྷག་པར་དུ་སྤྱོད་འཇུག་ཆེན་པོ་ལ་ཐུགས་འདྲིས་ཤིན་ཏུ་ཆེན་པོ་གནང་གི་ཡོད་འདུག་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།