ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་ལོ་ ༣༡ འཁོར་བ་དང་། འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཆེད། ཐེ་ཝན་ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དུས་ཡུན་བདུན་ཕྲག་གཅིག་རིང་བོད་ངོ་སྤྲོད་ཀྱི་འགྲེམས་སྟོན་ཞིག་བཤམས་སྟོན་གནང་ཡོད།
དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་མཛད་སྒོ་སྟབས་བདེ་ཞིག་བསྐྱངས་ཞིང་། ཐོག་མར་ཐེ་པེ་རྒྱུད་སྟོད་ཆོས་ཚོགས་ཀྱི་དགེ་འདུན་རྣམ་པས་དཀོན་མཆོག་གསུམ་ལ་བཀྲ་ཤིས་པའི་ཤིས་བརྗོད་ཀྱི་སྒོ་ནས་ཞལ་འདོན་གསུང་འདོན་གནང་།
དེ་ནས་སྐུ་མགྲོན་གྱི་གཙོ་བོ་སློབ་སྤྱི་ཇན་ཧྲོ་ཇི་ལགས་ཀྱིས་གསུང་དོན། དེ་སྔ་བོད་ཀྱི་སྐོར་སློབ་གྲྭའི་སློབ་དེབ་ནང་ཡིག་ཐོག་གསལ་བ་དེ་ཙམ་ལས་མེད། ད་རེས་བོད་ངོ་སྤྲོད་ཀྱི་འགྲེམས་སྟོན་འདི་དང་བོད་ཀྱི་གློག་བརྙན་ཁག་དངོས་སུ་མིག་ལམ་དུ་མཐོང་རྒྱུ་ཡོད་པས་བོད་ཀྱི་རིག་གཞུང་སྔར་ལས་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་རེད་སོགས་གསུངས།
ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་གཞི་བཞི་ལས་གཙོ་བོ་དགོངས་གཞི་དང་པོ་འགྲོ་བ་མི་གཅིག་གྱུར་དང་། གཉིས་པ་ཆོས་ལུགས་ཕན་ཚུན་མཐུན་ལམ་དང་འབྲེལ་བའི་སྒོ་ནས་ངོ་སྤྲོད་གསུང་བཤད་གནང་།
ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ནས་དེ་རིང་སློབ་གྲྭ་ཆེན་མོ་འདིའི་ནང་བོད་ངོ་སྤྲོད་ཀྱི་འགྲེམས་སྟོན་གོ་སྒྲིག་ཞུ་ཐུབ་པ་དང་། དེའི་ཐོག་མཐུན་འགྱུར་གནང་མཁན་ཚོགས་སྡེ་ཚང་མར་ཐུགས་རྗེ་ཆེ་ཞུས། ཉེ་ཆར་གསར་དུ་བཙུགས་པའི་ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་དགེ་སློང་མ་ཀྲའོ་ཧུད་ལགས་ཀྱིས་གསུང་དོན། སློབ་གྲྭའི་ནང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་གསར་དུ་བཙུགས་ནས་དུས་ཡུན་རིང་པོ་མ་འགོར་བར།
དེ་རིང་འགྲེམས་སྟོན་འདི་འདྲ་ཞིག་སྤེལ་ཐུབ་པར་དགའ་པོ་བྱུང་། ང་རང་སྒེར་ངོས་ནས་བོད་མི་ཚོར་གུས་ཞབས་ཆེན་པོ་ཞུ་གི་ཡོད། བོད་མི་ཚོས་ནང་ཆོས་ཀྱི་སྙིང་པོ་སེམས་ལ་བཅངས་ནས་འཚེ་བ་མེད་པའི་ལམ་ལ་བརྟེན་པ་ལས་གཞན་ལ་གནོད་འཚེ་སྤངས་ཡོད། མ་མཐའ་ཡང་རང་གི་སྲོག་ལ་འཚེ་བ་བྱས་ནས་ངོ་རྒོལ་བྱེད་པ་དེར་སེམས་འགུལ་ཚད་མེད་ཐེབས་བྱུང་། ཞེས་སོགས་གསུངས།
མཛད་སྒོ་གྲུབ་རྗེས་རྒྱུད་སྟོད་ཆོས་ཚོགས་ཀྱི་དགེ་འདུན་རྣམ་པས་རྡུལ་མཚོན་བླུགས་པ་དང་། གཏོར་མ་བཞེངས་པ་སོགས་རིག་གཞུང་ངོ་སྤྲོད་དང་། གུར་ནང་བོད་ཀྱི་གསོལ་ཇ་འདེགས་འབུལ་སོགས་གནང་ཡོད། ཐེངས་འདིའི་འགྲེམས་སྟོན་གྱི་ནང་དོན་གཙོ་བོ་བོད་བརྒྱུད་ནང་བསྟན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད། གཞན་ཡང་བོད་ཀྱི་མཐུན་མོང་མ་ཡིན་པའི་ཞལ་ཐང་འདྲ་མིན་དང་། བཀའ་བསྟན་བཅོས་ཀྱི་ཕྱག་དཔེ། སྐུ་འདྲ་སོགས་ཆོས་ཕྱོགས་ཀྱི་རིག་དངོས་བཤམས་སྟོན་ཕུད། ཐེ་ཝན་དོན་གཅོད་ལས་ཁུངས་ནས་བཏོན་པའི་༸གོང་ས་མཆོག་གི་བཀའ་སློབ་ཁྱོན་དེབ་ཕྲེང་ ༡༨ དང་། བོད་དོན་སྐོར་གྱི་དཔེ་དེབ་གངས་ལྗོངས་དེབ་ཕྲེང་ཁྱོན་གྲངས་ ༤༠ ཀུན་གསལ་འོད་སྣང་ཞེས་པའི་དུས་དེབ་ཁྱོན་འདོན་ཐེངས་ ༤༠ བཅས་འགྲེམས་སྟོན་གནང་ཡོད་པ་མ་ཟད། བདུན་ཕྲག་གཅིག་རིང་བོད་དོན་སྐོར་གྱི་གློག་བརྙན་ཡང་གོ་སྒྲིག་ཞུས་ཡོད། སློབ་གྲྭ་ནས་འགྲེམས་སྟོན་ནང་ཆ་ཤས་ལེན་མཁན་སློབ་ཕྲུག་ཚོར་སློབ་ཚན་གྱི་ཆ་ཤས་དང་བརྒྱ་ཆ་ཡང་ཕྲན་བུ་སྤྲོད་པའི་ལམ་ནས་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་ཡོད་པ་རེད།
ཐེངས་འདིའི་འགྲེམས་སྟོན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་། ཐེ་སྡོད་བོད་རིགས་ཚོགས་པ་བཅས་ནས་གཙོ་འགན་གོ་སྒྲིག་གནང་ཞིང་། གཞན་ཡང་ཐེ་པེ་རྒྱུད་སྟོད་ཆོས་ཚོགས་དང་། ཐེ་ཝན་བསླབ་གསུམ་ཆོས་གླིང་། ཕུར་པ་ནང་པའི་མཆོད་ཆས་ཚོང་ཁང་བཅས་ནས་རིན་མེད་ཐོག་འགྲེམས་སྟོན་ནང་མཐུན་འགྱུར་ཤུགས་ཆེ་གནང་ཡོད་པ་རེད། །