ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༥ རེས་གཟའ་སྤེན་པའི་ཉིན་ཉི་ཧོང་རྒྱལ་ས་ཌོག་ཡོ་ (Tokyo) ཡི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་དུས་དྲན་སྲུང་བརྩི་ཞུ་བའི་ཞི་བདེའི་གོམ་བགྲོད་རྔམ་སྟོན་ཁྲོམ་སྐོར་ཐོག བོད་རིགས་མང་ཚོགས་དང་། རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་ཚོགས་སྡེ་ཁག་ལས་འགུལ་ནང་མཉམ་ཞུགས་གནང་སྟེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏང་བ་དང་། མངའ་ཁོངས་བཙན་འཛུལ་བྱས་པར་ངོ་རྒོལ་ཤུགས་ཆེ་གནང་ཡོད།
དེ་ཡང་ལས་འགུལ་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལ་མིང་རྟགས་འགོད་མཁན་རྒྱལ་ཁབ་ཅིག་ཡིན་མོད། བོད་དང་། སོག་པོ། ཡུ་གུར། ཧོང་ཀོང་། ཐེ་ཝན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་མེད་རྡོག་རོལ་དང་བཙན་གནོན་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་སྟེ་བོད་ནི་ལྷ་ཡུལ་ལྟ་བུ་ཞིག་བཟོ་རྒྱུ་ཡིན་ཞེས་པ་ནི་དྲིལ་བསྒྲགས་ཙམ་ཡིན། གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་དང་། ཕྱི་རྒྱལ་གྱི་སྐུ་ཚབ། དེ་བཞིན་གསར་འགོད་པ་སོགས་བོད་ནང་ཆེད་ཕེབས་ཀྱིས་གནས་ཚུལ་ངོ་མ་རྩད་གཅོད་བྱ་རྒྱུར་བཀག་བསྡོམས་བྱེད་ཀྱི་ཡོད། ཅེས་དང་།
ཕྱོགས་མཚུངས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱེད་པའི་སྲིད་བྱུས་མཚམས་འཇོག་དགོས་པའི་ནན་སྐུལ་གནང་ཡོད།
དེ་རྗེས་སོག་པོའི་མཐུས་མི་སྐུ་ཞབས་ (Mr. Olhund Daichin) ལགས་ཀྱིས། རྒྱ་ནག་གཞུང་གིས་སོག་པོའི་སྐད་ཡིག་རྩ་མེད་གཏོང་ཆེད་ཉེ་ལམ་སློབ་གྲྭ་ཁག་གི་ནང་རྒྱའི་སྐད་ཡིག་གིས་སོག་པོའི་སྐད་ཡིག་གི་ཚབ་བྱས་པའི་སྲིད་བྱུས་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་སོག་པོའི་ནང་ཡོད་པའི་སློབ་གྲྭ་རྣམས་བཀག་ཉར་བྱེད་ཀྱི་ཡོད་སྐོར་སོགས་གསུངས།
ཉི་ཧོང་དང་ཡུ་གུར་མཐུན་ཚོགས་ ( Japan Uyghur Association) ཀྱི་ཚོགས་གཙོ་སྐུ་ཞབས་ལྦུའུ་ཏ་ཀེ་རི་མུའུ་ (Mr. Uda Kerimu) ལགས་ཀྱིས། རྒྱལ་སྤྱིའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་གཅིག་ལྷག་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུག་སྟེ་བཙན་ཤེད་ངང་ཆབ་སྲིད་ཀྱི་ལྟ་བ་སྒྱུར་ཐབས་བྱེད་ཀྱི་ཡོད་དེ་འཕྲལ་དུ་སྒོ་བརྒྱབ་བཅུག་དགོས་པའི་རེ་སྐུལ་གནང་།
ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་པ་རྣམས་ཀྱིས་རྒྱལ་ཁབ་སོ་སོའི་རྒྱལ་དར་དང་འཕྲེད་དར་སོགས་འཆར་ཏེ་ཉི་ཧོང་གི་གྲོང་ཁྱེར་ (Asakusa city) དུ་ཁྲོམ་སྐོར་བྱས་ཤིང་། རྒྱ་ནག་གཞུང་གིས་བོད་དང་། སོག་པོ། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ནང་དྲག་གནོན་མཚམས་འཇོག་དང་རང་དབང་སླར་གསོ་དགོས་པའི་འབོད་ཚིག་སོགས་བསྒྲགས་ཡོད།
ཐེངས་འདིའི་ལས་འགུལ་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཉི་ཧོང་། སོག་པོ། ཡུ་གུར། ཧོང་ཀོང་། ཐེ་ཝན་བཅས་ཀྱི་ཚོགས་པ་ཁག་མཉམ་ཞུགས་གནང་ཡོད་པ་བཅས། །