ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཆེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ ཉིན་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སིར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དགོངས་པ་རྫོགས་པའི་ཞག་ཞེ་དགུའི་མཆོད་འབུལ་སྨོན་ལམ་ཚོགས་ཡོད།
སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་བསོད་ནམས་མཐར་ཕྱིན་ལགས། ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་། སུད་སི་དང་ལིག་ཊིན་སི་ཊེན་བོད་རིགས་མི་མང་གི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ། སུད་བོད་བུད་མེད་ཚོགས་པའི་སྐུ་ཚབ། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ། དེ་བཞིན་སུད་སིའི་ས་གནས་བོད་མི་སོགས་མཉམ་འཛོམས་ཀྱིས་རི་ཀོན་ཆོས་འཁོར་དགོན་པའི་མཁན་པོ་ཐུབ་བསྟན་ལེགས་སྨོན་ལགས་ཀྱིས་མཆོད་འབུལ་སྨོན་ལམ་འགོ་འཛུགས་གནང་།
དེ་རྗེས་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་མི་མང་ནས་དམ་པ་ཁོང་གི་ཆེད་ཞེ་དགུའི་འདས་མཆོད་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
སྤྱིར་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སུད་སིའི་ས་གནས་ (Turbenthal) ཞེས་པའི་རྒས་གསོ་ཁང་དུ་དགོངས་པ་རྫོགས་པ་བཅས། །