ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་ཏེ་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུས་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་གནང་ཡོད།
ཁལ་མུག་སྤྱི་མཐུན་རྒྱལ་ཁབ་(Kalmyk Republic) ཀྱི་མི་མང་ནས་དུས་རབས་མང་པོའི་གོང་ནས་དགེ་ལུགས་པའི་བསྟན་པ་ཉམས་ལེན་གནང་ཡོད་པ་མ་ཟད། དགའ་ལྡན་ལྔ་མཆོད་ཉིན་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་གསར་སྲུང་རྩི་ཞུ་བཞིན་ཡོད།
དེ་ཡང་ཏེ་ལོ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་དོན། ད་ལོ་ནི་སྤྱི་ཚོགས་ཡོངས་ཀྱི་དཀའ་ཚེགས་ཆེ་བའི་དུས་སྐབས་ཤིག་ཡིན་ཡང་། ང་ཚོས་རྣམ་པ་མི་འདྲ་བའི་ཐོག་ནས་བྱེད་སྒོ་ཁག་མུ་མཐུད་སྤེལ་ཐུབ་པ་བྱུང་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་དགའ་ལྡན་ལྔ་མཆོད་སྲུང་བརྩི་ཞུ་རྒྱུ་དང་། འདི་ལོ་ཧྲིལ་པོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་སྔ་ཕྱི་བར་གསུམ་དུ་ཨུ་རུ་སུའི་ནང་པ་ཡོངས་ལ་སེམས་ཤུགས་སྦྱིན་མཁན་ཞིག་ཡིན། མགོན་པོ་གང་ཉིད་ཀྱིས་ཨུ་རུ་སུའི་ནང་པ་ཡོངས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་།
ཕྱི་ཟླ་ ༡༢ ཚེས་ ༩ ཉིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་བསྟན་དགོན་པ་(Golden Abode of Buddha Shakyamuni) ནང་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་། དཔེ་དེབ་དེ་ནི་དུས་རབས་ཉི་ཤུའི་དཀྱིལ་ཙམ་ལ་བོད་སྐད་ནས་ (Oirat Language) སྐད་ཡིག་ཏུ་བསྒྱུར་ཡོད་པ་མ་ཟད། ཉེ་ཆར་དཔེ་དེབ་དེ་དེང་རབས་ཁལ་མུག་སྐད་ཡིག་ཏུ་བསྒྱུར་ཡོད། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མཁས་དབང་དང་། ལོ་རྒྱུས་སྨྲ་བ། རྩོམ་པ་པོ་སོགས་མཉམ་ཞུགས་གནང་ཡོད།
དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཏེ་ལོ་རིན་པོ་ཆེ་མཆོག་གིས། འདི་ལོར་རྟོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། ང་ཚོའི་རྒྱུན་གཏན་གྱི་འཚོ་བ་དེ་ཚད་ངེས་ཅན་ཞིག་གི་ཐོག་མུ་མཐུད་བཞིན་ཡོད་པ་དང་། ང་ཚོ་ཚང་མས་དགའ་སྤྲོ་དང་རྟེན་འབྲེལ་ཞུ་རིན་ཡོད་པའི་གྲུབ་འབྲས་ཐོན་པའི་བཟང་ཕྱོགས་ཀྱི་དུས་སྐབས་མང་པོ་ཞིག་ཤར་ཡོད། དེ་རིང་དཔེ་དེབ་དབུ་འབྱེད་བྱེད་ཐུབ་པ་ནི་དཀའ་ཚེགས་ཆེ་བའི་རྟོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ལ་མ་ལྟོས་པར་ཡིག་སྒྱུར་བ་དང་། ཕྱོགས་སྒྲིག་བྱེད་མི། ལས་འཆར་སྣེ་ཁྲིད་གནང་མཁན་བཅས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བའི་དཔེ་མཚོན་ཞིག་ཡིན། ཞེས་གསུང་།
དེ་བཞིན་ནང་བསྟན་མཐུན་ཚོགས་ (Arya Sangha) ནས་ཕྱི་ཟླ་ ༡༡ ཚེས་ ༢༨ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་ཐེངས་དང་པོའི་གྲུབ་མཐའ་རིས་མེད་ཀྱི་སྨོན་ལམ་ཞིག་དྲ་ཐོག་བརྒྱུད་ཚོགས་ཡོད། སྨོན་ལམ་དེའི་ཐོག་ཏེ་ལོ་རིན་པོ་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གཉིས་པ་ཆོས་ལུགས་ཕན་ཚུན་དབར་ཞི་མཐུན་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་དབར་ལག་ལེན་བསྟར་རུང་བ་ཞིག་ཡིན་སྐོར་སོགས་གསུངས་ཡོད།
གོ་སྒྲིག་པ་རྣམས་ཀྱིས་དྲ་ཐོག་བརྒྱུད་ནང་བསྟན་དང་བོད་སྐོར་གྱི་གློག་བརྙན་བསྟན་པ་དང་། བོད་བརྒྱུད་ནང་བསྟན་དང་ལོ་རྒྱུས་སྐོར་འཆད་འཁྲིད། དྲ་ཐོག་བགྲོ་གླེང་། བོད་རིགས་པའི་མཁས་དབང་དང་ནང་བསྟན་རིགས་པའི་མཁས་དབང་འདྲ་མིན་ལ་དྲི་བ་དྲིས་ལན་སོགས་གནང་སྟེ་དྲ་ཐོག་ལས་འཆར་ལམ་ལྷོངས་བྱུང་བར་རྟེན་འབྲེལ་ཞུས་ཡོད། ཏེ་ལོ་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གྱི་སྔ་དྲོར་སྨོན་ལམ་གྲོལ་རྗེས་གསུང་བཤད་གནང་དོན། དེ་རིང་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་ཡོངས་དང་། ཞི་བདེ་ལ་དགའ་བའི་མི་མང་། དེ་བཞིན་ཁལ་མུག་མི་མང་བཅས་ཀྱི་དམིགས་བསལ་གྱི་དུས་སྐབས་ཤིག་ཡིན། ངས་བོད་མིའི་སྒྲིག་འཛུགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཚབ་ཞུས་ཏེ། ཁ་མུག་གི་ལོ་གསར་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན།
དེ་རིང་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བའི་གཟེངས་རྟགས་ཕུལ་ནས་མི་ལོ་ ༣༡ འཁོར་བའི་དུས་ཆེན་ཡིན་པ་མ་ཟད། འདི་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད། ང་ཚོས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་རྒྱུ་དང་། མགོན་པོ་གང་ཉིད་མཆོག་ང་ཚོ་དང་ལྷན་དུ་ཚེ་རབས་ནས་ཚེ་རབས་བར་བཞུགས་ཐུབ་པའི་ངས་སྙིང་ཐག་པ་ནས་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་དང་།
དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན། ང་ཚོ་ཨུ་རུ་སུའི་མི་མང་དང་། བོད་མི་རྣམས་ནས་དུས་རབས་ཉི་ཤུའི་ནང་དཀའ་ངལ་ཤིན་ཏུ་ཆེ་བའི་དུས་སྐབས་ཤིག་བརྒྱུད་མྱོང་ཡོད་པ་དང་། ད་ཆ་ང་ཚོ་ཨུ་རུ་སུའི་མི་མི་མང་གིས་བོད་རོགས་གཅེན་གཅུང་ཚོར་མེད་པའི་སྨྲ་བརྗོད་རང་དབང་དང་། ཆོས་ལུགས་རང་དབང་བཅས་རང་དབང་མང་པོ་ཞིག་ལོངས་སྤྱོད་བྱེད་བཞིན་ཡོད། བོད་མི་རྣམས་ནས་རྒྱ་ནག་དམར་ཤོག་འོག་མནར་གཅོད་མུ་མཐུད་མྱོང་བཞིན་ཡོད། ང་ཚོས་ཁོང་ཚོས་མུ་མཐུད་མྱོང་བཞིན་པའི་སྡུག་བསྔལ་རྣམས་གཏན་ནས་བརྗེད་མི་རུང་ཞེས་གསུང་།
མཆོད་འབུལ་སྨོན་ལམ་གྲོལ་རྗེས་ཏེ་ལོ་རིན་པོ་ཆེ་མཆོག་གིས་དྲ་ཐོག་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་དང་གསུང་ཆོས་སྐོར་གསུང་བཤད་གནང་ཡོད། དེ་བཞིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ (Yashkul) ས་ཁུལ་དུ་གསར་དུ་བསྐྲུན་པའི་སྤྱི་གླིང་དབུ་འབྱེད་མཛད་སྒོར་ཞུགས་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་ས་གནས་ཀྱི་འཛིན་སྐྱོང་འགན་འཛིན་རྣམ་པ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་དང་མཇལ་འཕྲད་ཡང་གནང་ཡོད་པ་མ་ཟད། སྤྱི་གླིང་དབུ་འབྱེད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་དང་། ལྷག་པར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཆ་ཤས་སུ་བརྩི་རྒྱུའི་རེ་བ་བཏོན་ཡོད།།