ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ ཉིན་ཀ་སྦུག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་དང་། ས་གནས་འགོ་འཛིན་ཚབ་གསར་དོན་གྲུབ་བཟང་པོ་ལགས་རྣམ་གཉིས་དབར་རྩིས་ལེན་རྩིས་སྤྲོད་ཀྱི་སྤྲོད་དཔང་དུ་ནང་སྲིད་སྐུ་ཚབ་རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་དབུ་བཞུགས་ཐོག་ཀ་སྦུག་ས་གནས་འགོ་འཛིན་ལས་ཁང་དང་། རྒས་གསོ་ཁང་། ལས་ཤག་བཅས་ཀྱི་ཡིག་ཕེལ་དང་ཅ་དངོས་རྣམས་རྩིས་སྤྲོད་ཞུས།
ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོར་ཆེད་དུ་ཕེབས་པའི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་། དེ་བཞིན་དགོན་པ་ཁག་གི་ཕྱག་མཛོད་རྣམས་འཛོམས་པའི་ཐོག་ས་གནས་འགོ་འཛིན་གསར་རྙིང་རྣམ་གཉིས་ལ་རྟེན་འབྲེལ་མཇལ་དར་སྒྲོན་ཏེ་ནང་སྲིད་སྐུ་ཚབ་རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་ཀྱིས་སྤྲོད་དཔང་གི་གཟིགས་ཚུལ་གསུང་བཤད་གནང་།
དེ་ནས་ས་གནས་འགོ་འཛིན་ཟུར་པ་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ས་གནས་འགོ་འཛིན་ཚབ་གསར་དོན་གྲུབ་བཟང་པོ་ལགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན་ས་གནས་འགོ་འཛིན་ཚབ་གསར་དོན་གྲུབ་བཟང་པོ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་བཅས། །