ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ལས་རིམ་འདིའི་ཆ་ཤས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ ནས་ ༡༡ བར་བདུན་ཕྲག་གཅིག་རིང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བོད་ཀྱི་ཆོས་བརྒྱུད་བླ་ཆེན་དབུ་ཁྲིད་རྣམ་པས་དབུས་རྒྱལ་ཁབ་འདྲ་མིན་བཅུ་དགུའི་མཁས་དབང་དང་ཤེས་ཡོན་ཅན་སོགས་མི་གྲངས་ ༡༢༠ ནས་བརྙན་འཕྲིན་བརྒྱུད་སྐད་རིགས་བཅོ་ལྔའི་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༥ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་༧སྐུའི་གསུང་སྒྱུར་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་སྐོར་དང་། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་སྐོར། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་སྐོར། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད། །