ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༢༠ འདི་བཞིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། སྦེལ་ཇམ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བཤད་སྒྲུབ་བསྟན་རྒྱས་གླིང་གིས་ཀྱང་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༩ ཉིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཞིག་དྲ་རྒྱ་བརྒྱུད་གོ་སྒྲིག་ཞུས་ཡོད།
དེ་ཡང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་དེ་བཞིན་བཤད་སྒྲུབ་བསྟན་རྒྱས་གླིང་གི་གྲྭ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་གཙོ་སྐྱོང་འོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས། དགེ་བཤེས་མེ་ཏོག་རིན་པོ་ཆེ་ལགས། དགེ་བཤེས་བྱམས་པ་རབ་བརྟན་ལགས། དགེ་བཤེས་ཟླ་བ་བཟང་པོ་ལགས་བཅས་མཉམ་ཞུགས་གནང་ཡོད།
སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་སྐབས་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་མ་ཕུལ་གོང་བོད་ནང་རྐྱེན་ངན་བྱུང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ཀྱིས་སྡུག་བསྔལ་ཚད་མེད་མྱངས་དགོས་བྱུང་བའི་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་ཚགས་ཚུད་ངང་གསར་འཛུགས་གནང་ཐུབ་པ་བྱུང་བའི་སྐོར་གསུང་བ་མ་ཟད། བོད་མི་ཚོས་ང་ཚོའི་འདས་ཟིན་པའི་རང་དབང་བསྐྱར་གསོའི་འཐབ་རྩོད་ཀྱི་ཆ་ཤས་དེ་དག་ངེས་པར་དུ་ཡིད་ལ་དྲན་དགོས། ཞེས་དང་།
རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་རྗེས་བོད་མི་ཚོས་སྡུག་སྦྱོང་མནར་སྤྱོད་མྱངས་པ་དང་། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གི་དབང་སྒྱུར་འོག་བོད་མི་ཚོས་མུ་གེ་དང་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱངས་དགོས་བྱུང་བ་མ་ཟད། མི་སྤྱོད་ལས་འདས་པའི་མི་ཚེ་བསྐྱལ་དགོས་བྱུང་ཡོད། ཅེས་གསུངས།
གཞན་ཡང་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། ཡི་ཐང་དང་རེ་ཐག་ཆད་པའི་ཁོར་ཡུག་ཅིག་གི་འོག་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ལ་ཕུལ་བ་དང་། དེ་ལ་བརྟེན་ནས་གཞིས་བྱེས་བོད་མི་རྣམས་ཀྱི་སེམས་ལ་བདེ་སྐྱིད་དང་དགའ་སྤྲོ་དཔག་མེད་སྐྱེས་ཡོད། ཅེས་དང་། ང་ཚོས་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དུས་དྲན་ཐེངས་ ༧༢ དེ་ངེས་པར་དུ་དྲན་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་སྐོར་གསུངས།
དེ་རྗེས་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས༧་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མདོར་བསྡུས་གསུངས་ཡོད།
དགེ་བཤེས་མེ་ཏོག་རིན་པོ་ཆེ་ལགས་ཀྱིས་ནང་པའི་ལྟ་གྲུབ་དང་དེང་རབས་ཚན་རིག་དབར་བགྲོ་གླེང་གནང་བའི་སྐོར་གསུངས། དགེ་བཤེས་བྱམས་པ་རབ་བརྟན་ལགས་ཀྱིས་འཇིག་རྟེན་ཀུན་ཁྱབ་འགན་འཁུར་དང་སྙིང་རྗེའི་སྐོར་གསུངས། དགེ་བཤེས་ཟླ་བ་བཟང་པོ་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཁྲོད་ནས་རྒྱ་གར་དཔལ་ནཱ་ལེནྡྲའི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཐོག་གསུང་བཤད་གནང་ཡོད།
ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་མཁན་དང་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་ལས་རིམ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །