ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་འཕྲིན་ལས་ཀྱིས་འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན། བཟོད་པ་སོགས་གོང་སྤེལ་གཏོང་བར་ངོས་འཛིན་དང་། བོད་དང་བོད་མིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཐོབ་ཐབས་སུ་ཞུ་གཏུག་གི་ཁྲིམས་འཆར་ཞིག་གཏན་འབེབས་གནང་འདུག
ཁྲིམས་འཆར་དེ་ནི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཊི་ཌི་ཡོ་ཧོ་ (Ted Yoho) ལགས་ཀྱི་མཚན་ཐོག་ནས་གྲོས་ཚོགས་འོག་མའི་ནང་བཏོན་ཡོད།
དེ་ཡང་གྲོས་ཆོད་ཀྱི་ཡིག་ཆ་ཨང་ ༦༩༧ (H. Res. 697) ནང་བོད་ཀྱི་ཆོས་དང་། རིག་གཞུང་གི་གལ་གནད་ཐོག་ནས་བོད་
གྲོས་ཚོགས་ནང་གྲོས་ཆོད་དེར་འོས་ཤོག་འཕེན་བཞིན་པའི་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌི་ཌི་ཡོ་ཧོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་པའི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། ཁོང་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་ནི་ཁོང་ཚོའི་སྟངས་འཛིན་བྱེད་རྒྱུར་ཉེན་ཁ་ཞིག་ཏུ་མཐོང་བཞིན་ཡོད་པ་དང་། བོད་ལ་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་ཁ་ཆེ་དང་ཡི་ཤུ་ཆོས་ལུགས་ལ་དམ་བསྒྲགས་དང་བརྩི་མེད་རྡོག་རོལ་བཏང་བ་བཞིན། བོད་པའི་ནང་པ་སངས་རྒྱས་པའི་ཆོས་ལ་བརྩི་མེད་རྡོག་རོལ་དང་དྲག་གནོན་ཇེ་ཆེར་གཏོང་བཞིན་ཡོད་སྐོར་གསུངས་པ་མ་ཟད། དེ་ལྟ་བུའི་དཀའ་ངལ་འཕྲད་ཀྱི་ཡོད་ཀྱང་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་དེ་དག་ལ་མ་འཛེམས་པར་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་མཁན་གྱི་དབུ་ཁྲིད་དུ་བཞེངས་ཡོད་སྐོར་སོགས་གསུངས།
ད་ལམ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་ཪིག་གཞུང་གི་གལ་ཆེའི་རང་བཞིན་ཐོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་ངོས་འཛིན་དང་། བོད་ཀྱི་གནད་དོན་དེ་ཞི་བའི་ངང་གསལ་ཐབས་སོགས་ཀྱི་གལ་གང་ཆེ་བའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཨ་རིའི་གྲོས་ཚོགས་འཐུས་མི་དང་དུས་ཡུན་རིང་པོར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌི་ཌི་ཡོ་ཧོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ངེད་གཉིས་ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཌི་ཡོ་ཧོ་མཆོག་དང་ཐེངས་དང་པོ་མཇལ་འཕྲད་བྱུང་སྐབས་ཁོང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གྲོས་ཚོགས་སུ་བཀའ་སློབ་བསྩལ་གནང་ཡོང་བར་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་གནང་རྒྱུ་ཡིན་པའི་སྐོར་གསུངས་སོང་། གོ་སྐབས་འདི་བརྒྱུད་ངས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཌི་ཡོ་ཧོ་མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་བས་མ་ཡི་ཁེལ་ (Michael T. McCaul) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་སི་མི་ཐི་ (Chris Smith) མཆོག་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེ་ལོ་ཡི་ཊི་ཨེན་ཇེལ་ (Rep. Eliot Engel) མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་། འཚེ་བ་མེད་པའི་ལྟ་གྲུབ། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལས་འགུལ་སྤེལ་བཞིན་པར་རྒྱབ་སྐྱོར་ཞུ་ཡི་ཡོད་པ་མཚོན་གྱི་ཡོད། ཅེས་གསུངས།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཌི་པེ་རེ (Scott Perry) མཆོག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་མི་ས་ཡ་མང་པོའི་རེ་བ་སྟོང་ཟད་དུ་གཏོང་བཞིན་པ་དེ་ལམ་ལྷོངས་ཡོང་གི་མ་རེད། ཅེས་དང་། རྒྱུ་མཚན་ནི་བོད་མི་ཚོ་དང་མཉམ་དུ་ཨ་རི་ཡོད། ང་ཚོའི་གྲོགས་པོ་བོད་མི་རྣམས་ཀྱིས་སྔ་མོ་ནས་རང་སྲིད་རང་སྐྱོང་གི་གལ་གནད་སྐོར་ངོས་འཛིན་གནང་ཡོད་པ་དང་། ང་དེ་རིང་བོད་མི་ཚོ་དང་ལྷན་མཉམ་ཞུགས་བྱ་རྒྱུར་སྤོབས་པ་ཡོད། ཅེས་གསུངས།
གྲོས་འཆར་དེ་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ (Nancy Pelosi) མཆོག་གིས་སྒེར་གྱི་ཊུ་ཝི་ཊར་ཞེས་པའི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱའི་སྟེང་ད་ལམ་གྱི་གྲོས་འཆར་དེར་རྒྱབ་སྐྱོར་དང་། ཨ་རིའི་གྲོས་ཚོགས་ནས་བོད་པའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་སྐོར་སོགས་གསུངས། །