ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རང་རྣམ་ཕྱག་དེབ་གཉིས་པ་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པ་རྒྱ་གར་བྱང་ཤར་ཨ་སམ་སྐད་ཡིག་ཏུ་ཕབ་བསྒྱུར་ཞུས་ཏེ་ད་ཆ་ཨ་སམ་ཀློག་པ་པོ་རྣམས་ཀྱི་ཆེད་དུ་པར་སྐྲུན་ཞུས་ཡོད། ཨ་སམ་གྱི་སྐད་ཡིག་ཏུ་ཕབ་བསྒྱུར་ཞུས་པའི་དཔེ་དེབ་ཀྱི་མཚན་བྱང་ (Prabasat Mukta) ཞེས་པ་དེ་རྩོམ་པ་པོ་དང་རྒྱ་གར་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ཨང་བཞི་པ་པདྨ་ཤྲཱི་ (Padma Shree) བཞེས་མྱོང་མཁན་ཡེ་ཤེས་རྡོ་རྗེ་ (Yeshe Dorjee Thongchi) ལགས་ཀྱིས་ཕབ་བསྒྱུར་དང་རྒྱ་གར་གྱི་དཔེ་སྐྲུན་ཁང་(Bhaskar Dutta Baruah) གིས་པར་སྐྲུན་ཞུས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཕྱག་དེབ་བཙན་བྱོལ་ནང་གི་རང་དབང་ (Freedom in Exile) ཞེས་པ་དེ་ནི་ཕྱི་ལོ་ ༡༩༩༡ ལོར་ཐེངས་དང་པོ་ཨ་རིར་པར་སྐྲུན་ཞུས་པ་ཞིག་ཡིན་པ་དང་། དཔེ་དེབ་དེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁྲུངས་པའི་སྐོར་དང་། ཡང་སྲིད་ངོས་འཛིན། བོད་དང་རྒྱ་ནག་གི་འབྲེལ་ལམ་ཉམས་ཆག་བྱུང་རྗེས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་པ་སོགས་ཞིབ་ཅིང་ཕྲ་བ་བཀོད་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་དབར་གྱི་འབྲེལ་ལམ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་དང་ལྷན་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རུ་མཆོག་དང་ཨིན་དྷི་ར་གྷན་དྷི་མཆོག་གི་འབྲེལ་ལམ། ལྷག་པར་སྲིད་བློན་ནེ་རུ་མཆོག་གིས་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བ་སོགས་ཀྱི་སྐོར་བཀོད་ཡོད།
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྩོམ་པ་པོ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕབ་བསྒྱུར་ཞུས་པའི་ཕྱག་དེབ་དེ་བརྒྱུད་ཨ་སམ་སྐད་ཡིག་ཀློག་པ་པོ་རྣམས་ནས་བོད་ལ་བྱུང་བའི་རྐྱེན་ངན་དང་། དེ་བཞིན་བོད་མིའི་ཞི་བའི་འཐབ་རྩོད་སྐོར་གོ་རྟོགས་ཡོང་བར་ཕན་ཐོགས་ཡོད་སྐོར་གསུངས་ཡོད། །