ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཇར་མན་གྱི་པོ་ཚི་ཊམ་ (Potsdam) ཞེས་པའི་གྲོང་ཁྱེར་དུ་ཡོད་པའི་ཨན་སི་ཌན་གྱི་གླེང་སྟེགས་ (Einstein Forum) ཞེས་པའི་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པའི་ཉིན་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་རྒྱ་བརྒྱུད་ནང་ཆོས་དང་ཚན་རིག བྱམས་བརྩེ་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། ངོས་ཀྱིས་ཁྱེད་རང་ཚོའི་ལུང་པ་ཨི་སི་ཏོ་ནི་ཡ་ (Estonia) དེ་བཞིན་གསལ་པོ་དྲན་གྱི་འདུག ངོས་རང་ས་གནས་དེར་སླེབས་པའི་སྐབས་ཐོག་མར་སུད་ཌན་དང་དེ་ནས་ཕིན་ལེནྜ། མཐར་ཨི་སི་ཏོ་ནི་ཡ་སླེབས་པ་རེད། ལུང་པ་ཆུང་ཆུང་ཡིན་པ་གང་ཞིག་ཧ་ཅང་སྙིང་རྗེ་མོ་འདུག
དེ་ཡང་བྷལ་ཊིག་མངའ་ཁུལ་ (Baltic states) གྱི་རྒྱལ་ཁབ་ཨི་སི་ཏོ་ནི་ཡ་དང་ལ་ཏི་ཝི་ཡ། ལི་ཐུ་ཝེ་ནི་ཡ་བཅས་ས་ཆ་ཆུང་ཆུང་དང་སྙིང་རྗེ་མོ་འདུག རྒྱལ་ཁབ་ཆུང་ཆུང་ཡིན་སྟབས་ཁོར་ཡུག་གི་རང་བཞིན་གུ་ཡངས་པོ་ཞིག་ཡིན་པ་ངོས་ཀྱིས་འདི་འདྲ་ཞིག་མཐོང་བྱུང་། དེ་སྔ་ལ་ཏི་ཝི་ཡར་ (Latvia) ཡོད་པའི་ཨུ་རུ་སུའི་ཆོས་ཞུ་བ་ལ་དམིགས་ནས་ཆོས་འབྲེལ་བྱས་པ་ཡིན། དེ་རིང་ང་ཚོ་དངོས་སུ་མི་དང་མི་ཐུག་འཕྲད་བྱུང་མེད་ནའང་བརྙན་འཕྲིན་བརྒྱུད་ཕན་ཚུན་མཇལ་བ་དང་སྒྲ་ཐོས་རྒྱུ་ཡོད་པའི་ཐོག་གྲོས་མོལ་ཞུ་རྒྱུའི་གོ་སྐབས་ཡོད། དེ་རིང་གི་བརྗོད་གཞི་ནི་ནང་ཆོས་དང་ཚན་རིག བྱམས་བརྩེ་བཅས་ཀྱི་སྐོར་ལ་རེད།
གཞི་རྩའི་བྱམས་སྙིང་རྗེ་ཞེས་པ་ནི་ཆོས་ལུགས་ཚང་མའི་ཐུན་མོང་གི་བསླབ་བྱ་ཡིན། རྒྱུ་མཚན་ནི་ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱེད་དགོས་སྐོར་ཐད་དོ་སྣང་གནང་གི་ཡོད། ཆོས་ལུགས་ཕན་ཚུན་ལྟ་གྲུབ་ཡོད་མེད་ཁྱད་པར་ཡོད་ཀྱང་གཞི་རྩའི་བྱམས་པ་དང་བརྩེ་བ། བཟོད་བསྲན། རང་ཁྲིམས་རང་སྲུང་། ཆོག་ཤེས་སོགས་བཟང་པོའི་བསླབ་བྱ་དེ་དག་གཅིག་མཚུངས་ཡིན། ཆོས་ལུགས་མི་འདྲ་བ་སོ་སོར་ལྟ་གྲུབ་མི་འདྲ་བ་ཡོད། ཆོས་ལུགས་ཕལ་མོ་ཆེས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། ལྟ་གྲུབ་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་འདོད་པ་ནི་ང་རང་ཚོ་བཟོ་མཁན་གཅིག་གྱུར་གྱི་ཕ་བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་པ་གསུང་གི་ཡོད། འཇིག་རྟེན་བཀོད་པོའི་ལྟ་གྲུབ་ཁ་ཡོད་ལག་ཡོད་ཀྱི་ཁས་ལེན་བྱེད་མཁན་ཞིག་ཡིན་ཚེ་འཇིག་རྟེན་བཀོད་པ་པོས་བཀོད་པའི་འགྲོ་བ་མི་ཚང་མ་སྤུན་མཆེད་དང་དཀོན་མཆོག་གཅིག་གིས་བཟོས་པའི་བུ་ཕྲུག་ཆགས་ཀྱི་ཡོད། གང་ལྟར་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་ཆོས་ལུགས་རྣམས་མིས་བཟོས་པའི་ཆོས་ལུགས་ཤིག་ཆགས་ཀྱི་ཡོད། འགྲོ་བ་མི་ལ་ཡོད་པའི་བཟང་ཤོས་ནི་བྱམས་སྙིང་རྗེའི་རྩ་བ་གྱུར་པའི་སྤྱོད་པ་ཡིན། ད་ཆ་ཚན་རིག་མཁས་པ་རྣམས་ཀྱིས་ཀྱང་ང་ཚོ་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན། ཞེས་གསུང་གི་ཡོད།
སྤྱི་ཚོགས་ལ་བརྟེན་པ་ཡིན་སྟབས། གང་ལ་བརྟེན་སའི་སྤྱི་ཚོགས་དེ་ལ་སེམས་ཐག་ཉེ་བོ་ཞིག་དང་། དེའི་བདེ་སྡུག་ལ་བསམ་བློ་འཁོར་བ་དེ་འདྲ་རང་བཞིན་གྱི་འདུག གང་ཡིན་ཞེ་ན་སོ་སོ་རང་ཉིད་འཚོ་བར་གཞན་ལ་ངེས་པར་བརྟེན་དགོས། གཞན་ལ་མི་བརྟེན་པར་སོ་སོ་རང་ཉིད་ཁེར་རྐྱང་ནམ་ཡང་འཚོ་མི་ཐུབ། མི་ཙམ་མ་ཟད་སེམས་ཅན་དང་བྱ་ལ་སོགས་ཀྱང་སོ་སོ་གཅིག་པོར་འཚོ་ཐུབ་རྒྱུ་ཁག་པོ་ཡིན། སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་རྣམས་ལ་སེམས་ཁུར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མིན་སྤྱི་ཡོངས་ཀྱི་བདེ་སྡུག་མ་བསམ་པར་གྲོགས་མེད་ཁེར་རྐྱང་འཚོ་མི་ཐུབ། གང་ལྟར་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་དགོས། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་ཚང་མས་བསླབ་བྱ་གཙོ་བོ་ནི་བྱམས་སྙིང་རྗེའི་ཉམས་ལེན་ཆགས་ཡོད།
དེ་སྔ་ནུབ་ཕྱོགས་པའི་ཚན་རིག་མཁས་པ་རྣམས་ལ་ནང་སེམས་ཀྱི་ཞི་བདེའི་སྐོར་དམིགས་བསལ་གོ་རྟོགས་དང་ཐུགས་སྣང་གང་ཡང་མེད། ད་ཆ་ཚན་རིག་པ་མང་དག་ཅིག་གིས་ནང་སེམས་ཀྱི་ཞི་བདེའི་ཐོག་དོ་སྣང་ཇེ་མང་དུ་འགྲོ་བཞིན་ཡོད། ནང་སེམས་ཀྱི་ཞི་བདེའི་སླད་ཐོག་མར་ནང་སེམས་ཀྱི་ཞི་བདེ་དཀྲུག་མཁན་གྱི་གཞི་རྩ་དེ་གང་ཡིན་པ་ངེས་པར་ཤེས་དགོས། ནང་སེམས་ཀྱི་ཞི་བདེ་དཀྲུག་མཁན་གཙོ་བོ་ནི་ཁོང་ཁྲོ་ཡིན། ཁོང་ཁྲོ་ལངས་དུས་རང་བཞིན་གྱིས་ནང་སེམས་ཀྱི་ཞི་བདེ་མེད་པར་བཟོ་ཡི་ཡོད། སྙིང་རྗེ་ནི་ཁོང་ཁྲོའི་གཉེན་པོ་དང་རང་གི་ཁོར་ཡུག་དེ་ཞི་བདེ་ཅན་ཞིག་ཏུ་སྒྱུར་གྱི་ཡོད། སོ་སོའི་བརྒྱུད་ལ་གཞན་ཕན་གྱི་བློ་དང་སྙིང་རྗེ་ཡོད་སྟབས་རང་བཞིན་གྱིས་གཞན་གྱི་བདེ་སྡུག་ལ་གུས་བཀུར་དང་། གཞན་ཕན་གྱི་བསམ་པ་རྒྱ་སྐྱེད་བྱས་ནས་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཐུབ།
ལོ་ངོ་སྟོང་ཕྲག་རིང་ནས་ཡོད་པའི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དམ་གོམས་གཤིས་བཟང་པོ་འཚེ་མེད་ཞི་བ་ (Ahimsa) ཞེས་པའི་ལྟ་སྤྱོད་འདི་བཞིན་འགྲོ་བ་མི་ཙམ་མ་ཟད། སེམས་ཅན་སུ་འདྲ་ཞིག་ལ་འཚེ་བ་མི་བྱེད་པའི་ལྟ་གྲུབ་ཞིག་ཡིན། འཚེ་བ་མེད་པའི་བསམ་པ་དེ་གཞན་ཕན་གྱི་བསམ་པ་དང་། སྙིང་རྗེའི་ཀུན་ནས་བླངས་དགོས་ཀྱི་ཡོད། ད་ཆ་ཚན་རིག་པས་ནང་སེམས་ཀྱི་ཞི་བདེ་ཞེས་པ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དང་། གོང་དུ་ངོས་ཀྱིས་བཤད་པ་ལྟར་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན། སྤྱི་ཚོགས་ནང་ཞི་བདེ་ཡོང་བ་དང་། དེའི་ནང་གི་འགྲོ་བ་མི་རིགས་ལ་སོགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ཚན་རིག་པ་ཙམ་མིན་པར་ཆོས་ལུགས་ཚང་མས་ནང་སེམས་ཀྱི་ཞི་བདེ་དང་བྱམས་སྙིང་རྗེ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད།
ནང་པའི་ངོས་ནས་ཀྱང་བྱམས་སྙིང་རྗེ་ཞེས་པ་དེ་དད་པ་ཙམ་མིན་པར། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས། ངའི་རྗེས་འབྲང་ཚོས་ང་ལ་དད་པ་བྱས་ནས་ངའི་ཆོས་ལ་ཉམས་སུ་ལེན་མི་དགོས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་མཐོང་བའི་སྐབས་སུ་ཉམས་ལེན་བྱོས། ཞེས་བཅོམ་ལྡན་ལྡན་རང་ཀྱིས་འདི་ལྟར་གསུངས་འདུག
ལོ་ངོ་སྟོང་ཕྲག་སྔོན་ནས་རྒྱ་གར་དུ་ཡོད་པའི་སྟོན་པའི་རྗེས་འབྲང་པ་མཁས་པ་ཚོ་དང་། ཕྱིས་སུ་དུས་རབས་བརྒྱད་པ་ནས་བཟུང་བོད་ཀྱི་མཁས་པ་རྣམས་ནས་ནང་པ་སངས་རྒྱས་པའི་བསྟན་པར་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་མཐོང་བའི་སྒོ་ནས་ཉམས་ལེན་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་གར་གྱི་གནའ་རབས་རིག་གཞུང་ནང་ཚད་མ་རིག་པའི་ལྟ་གྲུབ་དར་འཕེལ་ཤུགས་ཆེ་ཕྱིན་ཡོད། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ནི་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་པ་སྨྲ་བ་ཆེན་པོ་ཞིག་ཡིན། ཁོང་རྣམས་ཀྱིས་སངས་རྒྱས་ཀྱི་གསུངས་པ་ཁག་གཅིག་རིག་པས་སྒྲུབ་པར་བརྟེན་ཁས་ལེན་བྱེད་ཀྱི་ཡོད་པ་དང་། རིགས་གཅིག་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་དང་རྒྱུ་མཚན་ཡང་དག་མིན་པར་ཁས་ལེན་བྱེད་མི་རུང་བར་བརྟེན་དེ་དག་གིས་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་གཉིས་ཕྱེ་ཡོད།
བོད་ནང་ནང་ཆོས་ཐོག་མར་རྒྱ་ནག་ནས་དར་བ་ཡིན། དུས་རབས་བདུན་པའི་ནང་བོད་རྒྱལ་པོས་རྒྱ་ནག་ནས་ནང་པའི་སྐུ་བརྙན་རྩ་ཆེ་ཤོས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བོད་དུ་གདན་འདྲེན་ཞུས་པ་རེད། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དཔལ་ནཱ་ལེནྡྲའི་མཁས་པ་གྲགས་ཅན་མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་ཡོད། མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ། ནཱ་ལེནྡྲའི་ཕྱག་སྲོལ་ནང་བཞིན་བོད་ལ་དར། མཁན་ཆེན་ཞི་བ་འཚོས་ཚད་མའི་གཞུང་དང་ཚད་ཆེན་གཞུང་མཛད་ཡོད། གཞན་ཡང་ལྟ་གྲུབ་སྐོར་ལ་དབུ་མ་རྒྱན་མཛད་པ་རྣམས་ད་ཆ་ང་ཚོའི་སློབ་གཉེར་བྱེད་ཀྱི་ཡོད། ཅེས་སོགས་ཀྱ་བཀའ་སློབ་སྩལ། །