ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་ཨིན་བསྒྱུར་དཔེ་དེབ་ཅིག་དབུ་འབྱེད་དང་བཀའ་སློབ་བསྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཚན་རིག་ཀུན་བཏུས་དེབ་ཕྲེང་གཉིས་པ་ཡུལ་ཅན་བློའི་རྣམ་གཞག་སྐོར་ཨིན་བསྒྱུར་དེབ་དབུ་འབྱེད་དང་བཀའ་སློབ་སྩལ་རྒྱུ་དང་། དེ་རྗེས་ཝ་སི་ཀོན་སིན་གཙུག་ལག་མཐོ་སློབ་ཁང་གི་སེམས་ཁམས་འཕྲོད་བསྟེན་ཉམས་ཞིབ་ལྟེ་གནས་ཁང་བརྒྱུད་མིའི་སྒོམ་སྒྲུབ་ཉམས་ལེན་ཁང་གི་འགན་འཛིན་སློབ་དཔོན་ཇོན་ཌཱན་ལགས་དང་། སེམས་དང་སྲོག་གི་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། ཝིསི་ཌཱམ་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཌེ་ནི་ཡལ་ཨེཊ་ཀེན་བཅས་དང་ལྷན་དུ་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ།།