ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༨ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེ་ཡུལ་རྒྱལ་སྤྱིའི་ནང་བསྟན་གྱི་བཤད་པ་ཐེངས་ ༡༥ པའི་ཐོག་བཀའ་སློབ་སྩལ་དོན། ཀོ་རི་ཡའི་ཆོས་གྲོགས་དང་། དབུ་ཁྲིད་རྣམ་པ། དེ་བཞིན་དགེ་སློང་མ་དང་དགེ་སློང་ཕ་སོགས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣམས་ལ་ཞུ་རྒྱུར། སྔ་མོ་ཡིན་ན་སངས་རྒྱས་པའི་ཆོས་ཟེར་དུས་ཕལ་ཆེར་ཨེ་ཤི་ཡ་ཁོ་ན་ཆགས་གྲབས་བྱེད་ཀྱི་ཡོད། དེང་སྐབས་སངས་རྒྱས་པའི་ཆོས་པ་ཡིན་མིན་ལ་མ་ལྟོས་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་དང་། ལྷག་པར་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་དོ་སྣང་བྱེད་མཁན་འཛམ་གླིང་ནུབ་ཕྱོགས་ནས་ཤེས་ཡོན་ཅན་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་འདུག
དེ་བཞིན་ཚན་རིག་པ་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་འདུག གང་ལྟར་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། མི་ལ་ཕན་གྱི་ཡོད། འོན་ཀྱང་ལྟ་གྲུབ་དང་ཚད་མ་རིག་པའི་ཐོག་ནས་བཤད་རྒྱུ་ཕལ་ཆེར་སངས་རྒྱས་པའི་ཆོས་ནཱ་ལེནྡྲའི་ལེགས་སྦྱར་ཆོས་བརྒྱུད་འདི་དམིགས་བསལ་ཞིག་རེད་འདུག དཔེར་ན། ཀོ་རི་ཡ་དང་། རྒྱ་ནག ཉི་ཧོང་དེ་དག་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། དེར་བརྟེན་ཀོ་རི་ཡའི་ཆོས་གྲོགས་ཚོས་སྨོན་ལམ་བརྒྱབ་པ་དང་། འདོན་པ་བཏོན་པ་ཙམ་མིན་པར་ཚད་མ་རིག་པ་དང་ལྟ་གྲུབ་སྐོར་ལ་དོ་སྣང་མང་ཙམ་བྱས་ནས་སློབ་སྦྱོང་བྱེད་ཐུབ་ན། ཕལ་ཆེར་ན་ནིང་ངམ་གཞེས་ནིང་ཡིན་པ་ཡོད། ངོས་རང་ཉི་ཧོང་དུ་འབྱོར་བའི་སྐབས་དེར་ལྷ་ཁང་ཞིག་གི་ནང་ངོས་ཀྱིས་གཏམ་བཤད་བྱས་རྗེས་ལྷ་ཁང་འདིའི་ནང་རིམ་པས་སྒོམ་བརྒྱག་རྒྱུ་ཙམ་མིན་པར་སློབ་སྦྱོང་བྱེད་རྒྱུ་དང་། འཛིན་གྲྭ་འཚོགས་རྒྱུ་བྱུང་བའི་རེ་བ་ཡོད། ཅེས་བརྗོད་རྒྱུ་བྱུང་།
ཀོ་རི་ཡ་དང་། ཉི་ཧོང་། དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་དང་། བོད། སོག་པོ་བཅས་ནི་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། ང་ཚོའི་ཁྱད་ཆོས་ནི་འདུལ་བ་ཉམས་ལེན་ཙམ་མིན་པར་ཚད་མ་རིག་པ་སྦྱངས་ནས་ཚད་མ་རིག་པའི་ཐོག་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པའི་ལྟ་གྲུབ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་དགོངས་པ་ཞིབ་ཚགས་པོ་བྱས་ནས་བཀྲལ་པ་དེ་རེད། ང་ཚོ་ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད། ཤེས་རབ་སྙིང་པོའི་ནང་ཟབ་མོ་སྟོང་པ་ཉིད་ཅེས་གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སྟོང་ཉིད་བཞི་སྐོར་གསུངས་པ་འདི་ཀོ་རི་ཡ་དང་། རྒྱ་ནག ཉི་ཧོང་། སོག་པོ། བོད་བཅས་ཀྱི་ཆོས་གྲོགས་ཚོས་ཤེས་རབ་སྙིང་པོ་དུས་རྟག་ཏུ་འདོན་བཞིན་ཡོད། ཤེས་རབ་སྙིང་པོའི་ཚིག་འདོན་པ་ཙམ་མིན་པར་ཤེས་རབ་སྙིང་པོའི་དོན་ཞིབ་ཚགས་པོ་བྱས་ནས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་ཡོད། ལྷག་པར་དཔལ་ལྡན་ཟླ་བ་གྲགས་པས་རྟེན་འབྱུང་གི་དེ་ཁོ་ན་ཉིད་འགྲེལ་བཤད་ཧ་ཅང་གསལ་པོ་བརྒྱབ་འདུག དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་ཀོ་རི་ཡའི་སྐད་ཡིག་ནང་ཡོད་ན་མུ་མཐུད་དོ་སྣང་བྱེད་དགོས། ངོས་ཀྱིས་འཇུག་པ་རང་འགྲེལ་ཉིན་ལྟར་ཀློག་གི་ཡོད། ཧ་ཅང་ཡག་པོ་འདུག
ཀོ་རི་ཡའི་ཆོས་གྲོགས་ཚོ་ལ་ཞུ་རྒྱུར། ང་ཚོ་ཚང་མས་དུས་རྟག་ཏུ་ཤེས་རབ་སྙིང་པོ་འདོན་གྱི་ཡོད་པ་རེད། སྔོན་མ་ངོས་ལ་ཉི་ཧོང་གི་ཆོས་གྲོགས་ཤིག་ཡོད། ཁོ་རང་གཙོ་འཛིན་ཞིག་རེད། མི་ཧ་ཅང་བཟང་པོ་ཞིག་ཡོད། ཁོང་གིས་ངོས་ལ་ང་ཚོ་ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད་པ་རེད། དོན་དག་ནི་ཤེས་ཀྱི་མེད། ཅེས་འདི་ལྟར་བརྗོད་མྱོང་། དེར་བརྟེན་ང་ཚོས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཤེས་རབ་སྙིང་པོའི་དོན་དག་ཡག་པོ་བྱས་ནས་སློབ་སྦྱོང་བྱེད་པར་དབུ་མ་འཇུག་པ་སེམས་བསྐྱེད་བཅུ་བྱས་ནས་མར་གསུང་ཡོང་དུས་རྒྱ་ཆེ་བའི་ལམ་དེ་དག་ཧ་ཅང་གསལ་པོ་ཡོད་པ་དང་། སེམས་ལ་ཕན་པོ། དཔེར་ན། བཟོད་པའི་སྐོར་དང་སྦྱིན་པའི་ཕན་ཡོན་དེ་དག་མར་གསུང་ཡོང་དུས་ཧ་ལས་པ་འདུག གཞུང་མདོར་བསྡུས་དང་དབུ་མའི་འཇུག་པའི་མཆོད་བརྗོད་དུ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་ཟླ་བ་གྲགས་པས་གཙོ་བོ་སྙིང་རྗེ་ལ་བསྟོད་ཕྱག་མཛད་ཀྱི་འདུག
དེ་བཞིན་སྤྱོད་འཇུག་ནང་བདག་གཞན་མཉམ་བརྗེ་གསུང་གི་ཡོད་པ་རེད། ཀོ་རི་ཡའི་སྐད་ནང་སྤྱོད་འཇུག་ཡོད་དམ་མེད། གལ་ཏེ་མེད་ན་ངེས་པར་དུ་བསྒྱུར་དགོས། ཤེར་ཕྱིན་གྱི་དགོངས་པ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཡོད་སྟབས། རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་སྐོར་སྤྱོད་འཇུག་ཧ་ཅང་ཡག་པོ་རེད། དེ་བཞིན་དབུ་མ་འཇུག་པའི་ནང་ཧ་ཅང་ཚང་པོ་ཡོད། རྩ་བ་ཤེས་རབ་ནང་རྒྱ་ཆེ་བའི་སྐོར་དེ་ཙམ་གསུངས་མེད། དབུ་མ་རིན་ཆེན་ཕྲེང་བའི་ནང་གསུངས་ཡོད། ཁྱེད་རང་ཚོས་ཟབ་པ་དང་རྒྱ་ཆེ་བའི་ལམ་རིམ་སྐོར་ཆ་ཚང་བ་ཞིག་ཐུགས་སྣང་གནང་སྟེ་སློབ་སྦྱོང་ཕྲན་བུ་གནང་བ་དང་། དེ་བཞིན་ཤེས་རབ་སྙིང་པོ་འདོན་པའི་སྐབས་དོན་དག་བློ་ལ་ཤར་བ་བྱེད་ཀྱི་ཡིན་ན། ཕན་ཐོགས་ཧ་ཅང་ཡོད།
ངོས་ལ་ཆ་བཞག་ན། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཞོགས་པ་ཡར་ལངས་པ་དང་བསམ་བློ་གཏོང་བཞིན་ཡོད། སྐབས་རེ་གཉིད་སད་ནས་ཉལ་ཁྲིའི་སྟེང་བསྡད་དུས་དབུ་མ་རྩ་བ་ཤེས་རབ་ནང་། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་དེ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་པའི་ཚིག་འདི་ཚིག་བསྒྱུར་བཏང་ནས་བདག་ལ་ཚུར་སྦྱར་ནས་ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་དེ་མེད་དེར་དེ་མེད། །བདག་ཅེས་བྱ་བ་ཕུང་ལྡན་མིན། །བདག་ཅེས་བྱ་བ་གང་ཞིག་ཡིན། །ཞེས་པའི་ཚིག་འདི་ཚིག་བསྒྱུར་བཏང་ནས་ངོས་ཀྱིས་རྟག་པར་འདོན་གྱི་ཡོད།
ངོས་ཀྱི་བསམ་བློའི་ནང་ཉལ་ཁྲིའི་སྟེང་སྡོད་མཁན་ང་ནི་མི་འདུག ལུས་འདི་ཉལ་ཁྲིའི་སྟེང་སྡོད་བཞིན་ཡོད། དེ་བཞིན་ངག་དེ་ཡོད་པ་རེད། ངའི་ལུས། ངའི་ངག ངའི་ཡིད་ཅེས་ཤོད་དུས་ལུས་དང་ངག་ཡིད་གསུམ་བདག་པོ་རྒྱག་མཁན་ང་དེ་ག་བར་འདུག ལུས་དེ་ནི་མ་རེད། ངག་དེ་ནི་མ་རེད། ཡིད་དེ་ནི་མ་རེད།
སྤྱིར་རྒྱ་གར་གྱི་མཁས་པའི་ནང་ཐ་སྙད་དུ་རང་མཚན་ཞལ་དུ་བཞེས་མཁན་ཚོས་ངའི་མཚན་གཞི་ཡིད་ལུས་སྟེང་འཇོག་གི་ཡོད། སེམས་ཙམ་པར་ཆ་བཞག་ན་ཀུན་གཞིའི་རྣམ་ཤེས་ཞེས་ཤོད་ཀྱི་ཡོད། དབུ་མ་ཐལ་འགྱུར་བས་གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དབུ་མ་འཇུག་པའི་གཤམ་དུ་དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང༌། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། ཞེས་དབུ་མའི་འཇུག་པའི་ནང་ཐ་སྙད་འཇུག་ཚུལ་ཧ་ཅང་གསལ་པོ་འདུག རྩ་བ་ཤེས་རབ་ནང་དེའི་སྐོར་གསལ་པོ་གང་ཡང་མེད། དེར་བརྟེན་ཀོ་རི་ཡའི་ཆོས་གྲོགས་ཚོས་དབུ་མ་འཇུག་པར་ཐུགས་སྣང་ཕྲན་བུ་གནང་སྟེ་གཟིགས་ཐུབ་ན་ཕན་ཐོགས་ཧ་ཅང་ཡོང་གི་རེད།
དབུ་མའི་ལྟ་བ་ཟེར་དུས་རྟག་པའི་མཐའ་དང་ཆད་པའི་མཐའ་བཅས་མཐའ་གཉིས་སེལ་བ་ཞིག་དགོས་ཀྱི་ཡོད་པ་རེད། ཆོས་རྣམས་སྣང་བ་ལྟར་གྲུབ་ཡོད་ཅེས་བརྗོད་དུས་དེ་ལྟར་སྣང་བ་བཞིན་གྲུབ་པ་དེ་རྟག་པའི་མཐའ་དང་། སྣང་བ་ལྟར་གྲུབ་མེད་པ་ཚད་རྡུལ་དངོས་ཁམས་རིག་པས་ (quantum physics) གསལ་པོ་ཤོད་ཀྱི་འདུག སྣང་བ་ལྟར་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་གི་ཡོད་པ་རེད། སྣང་བ་ལྟར་གྲུབ་མེད། ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་སྣང་ཚུལ་དེ་ལས་ལོགས་སུ་གནས་ཚུལ་བརྩིས་པ་ཡིན་ན། གཟུགས་ཅན་གྱི་ཆོས་དེ་དག་རྡུལ་ཕྲ་རབ་སྟེང་ཐུག་འགྲོ་ཡི་རེད། རྡུལ་ཕྲ་རབ་སྟེང་ཕྱེ་ན་རྙེད་རྒྱུ་མེད། ཅེས་ཚད་རྡུལ་དངོས་ཁམས་རིག་པས་འདི་ལྟར་ཤོད་ཀྱི་འདུག དབུ་མའི་རིག་པ་དེ་ག་རང་རེད། མིང་རྐྱང་བཏགས་ཡོད་ཙམ་ཟེར་རྒྱུ་འདི་ཚན་རིག་པས་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་བཤད་དུས་ཆད་མཐའ་སེལ་ཐུབ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད།
ཀོ་རི་ཡའི་ཆོས་གྲོགས་ཚོས་དཔེ་ཆ་ལྟ་དགོས། ཁྱེད་རང་ཚོའི་སྐད་ཡིག་ནང་ཡོད་པའི་གཞུང་དེ་དག་ངེས་པར་དུ་སློབ་སྦྱོང་བྱེད་དགོས། གལ་ཏེ་མེད་པ་ཡིན་ནའང་དེང་སྐབས་ལོ་ཙཱ་བ་དེ་འདྲ་སླེབ་ཡོང་གི་ཡོད་སྟབས། ཀོ་རི་ཡའི་སྐད་ཡིག་ནང་ཚུར་བསྒྱུར་ནས་སློབ་སྦྱོང་གནང་ཐུབ་ན་ཕན་ཐོགས་ཡོད། དབུ་མའི་ལྟ་གྲུབ་དང་ཚད་མ་རིག་པ་དེ་ཚོའི་གྲས་ནི་ཆོས་པ་ཁོ་ནའི་སྐད་ཆ་མ་རེད། ཤེས་ཡོན་གྱི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱེད་ཀྱི་ཡིན་ན་ཕན་ཐོགས་ཧ་ཅང་ཡོད་པ་རེད། ཚན་རིག་པ་ཚོས་དེ་དག་ལ་དོ་སྣང་བྱེད་དུས་ལྟ་གྲུབ་དང་ཚད་མ་རིག་པར་དོ་སྣང་བྱེད་པ་རེད་མ་གཏོགས་ནང་པ་བྱེད་ཀྱི་ཡིན་ཟེར་ནས་བསླབ་ཀྱི་མེད། དེར་བརྟེན་ཤེས་ཡོན་རང་གི་འདུ་ཤེས་བྱས་ནས་སློབ་སྦྱོང་བྱེད་དགོས། ནང་པའི་ལུང་པ་ཚོ་སོ་སོའི་ཕ་མེས་ནས་ཆོས་ཆགས་ཡོད་པ་མ་ཟད། དེའི་ནང་ནས་ལྟ་གྲུབ་སྐོར་གསུངས་པ་དེ་དག་ལ་ཁྱེད་རང་ཚོས་སློབ་སྦྱོང་དང་དོ་སྣང་བྱེད་ཐུབ་ན། ཕན་ཐོགས་ཧ་ཅང་ཡོང་གི་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ། །