ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །༧སྐྱབས་རྗེ་སྟེང་པོ་ཆེ་རིན་པོ་ཆེ་མཆོག་དགུང་ལོ་ ༨༦ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་ཐུགས་ཕམ་བྱུང་སྐོར་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། དེ་སྔ་ངོས་རང་སྒང་ཏོག་ཏུ་བསྐྱོད་པའི་སྐབས་རིན་པོ་ཆེ་མཆོག་ངོས་རང་ཐུག་པར་ཕེབས་ཀྱི་ཡོད་པ་དྲན་གྱི་ཡོད། རིན་པོ་ཆེ་མཆོག་གིས་གཞན་ཕན་སླད་ཁ་ཡོད་ལག་ཡོད་ཀྱིས་ཞབས་ཞུ་བསྒྲུབས་པ་ནི་མང་ཚོགས་ཁྲོད་ཇི་ལྟར་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་དགོས་པའི་མིག་དཔེ་བཟང་པོ་བསྟན་ཡོད།
སྤྱིར་བཏང་རིན་པོ་ཆེ་མཆོག་སྔ་འགྱུར་རྙིང་མ་ཡིན་ནའང་སྐུ་ན་གཞོན་པའི་དུས་བོད་ནང་ཆོས་ལུགས་རིས་མེད་ཀྱི་བླ་མའི་དྲུང་ནས་བསླབ་པ་སློབ་གཉེར་གནང་ཡོད། ཕྱི་ལོ་ ༡༩༥༧ ལོར་རིན་པོ་ཆེ་མཆོག་སྟེང་པོ་ཆེ་དགོན་པར་ཕྱིར་ཕེབས་པ་དང་བསྟུན་མཁན་པོའི་ཐུགས་འགན་བཞེས་པ་དང་སྦྲགས། དགོན་པའི་གྲྭ་པ་རྣམས་ལ་བསླབ་པ་སློབ་གཉེར་དང་ཉམས་ལེན་ཙམ་མིན་པར་ས་གནས་ཡུལ་མི་དང་ལྷན་བསྟུན་གཤིབས་དགོས་པའི་བློ་སྟོབས་སྤེལ་ཡོད། གཞན་ཡང་བསྔགས་འོས་པ་ཞིག་ལ་རིན་པོ་ཆེ་མཆོག་གིས་མ་བསྐུལ་དང་བླངས་ཀྱིས་སྐུ་འབུམ་རྫོང་དུ་ཤིང་ནགས་འདེབས་འཛུགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་བ་མ་ཟད། ས་གནས་མི་མང་ལ་ཁོར་ཡུག་སྲུང་སྐྱོང་དགོས་པའི་ལམ་སྟོན་གནང་། རིན་པོ་ཆེ་མཆོག་གིས་མི་ལོ་ ༡༥ ཙམ་གྱི་གོང་ནས་རང་བྱུང་ཁོར་ཡུག་ལ་བཤུ་གཞོག་མང་བའི་རྐྱེན་གྱིས་ས་གནས་སུ་འཐུང་ཆུ་ཐོག་དཀའ་ངལ་འཕྲད་ངེས་ཡིན་པ་ཉེན་བརྡ་བཏང་ཡོད།
རི་བོ་ཇོ་མོ་གླང་མར་འཛེགས་མཁན་རྣམས་ཀྱིས་སྟེང་པོ་རིན་པོ་ཆེ་མཆོག་མཇལ་ཁ་བཅར་བའི་སྐབས་རིན་པོ་ཆེ་མཆོག་གིས་ལམ་སྟོན་གནང་བ་རྣམས་ཧ་ཅང་གནད་འགག་དང་གལ་ཆེ་ཡིན་སྐོར་ངོས་ལ་འགྲེལ་བརྗོད་གནང་སོང་། ཕྱི་ལོ་ ༡༩༨༩ ལོར་སྟེང་པོ་རིན་པོ་ཆེ་མཆོག་གི་དགོན་པར་མེ་སྐྱོན་བྱུང་སྐབས་མང་པོ་ཞིག་གིས་དགོན་པ་སླར་གསོ་སླད་མཐུན་འགྱུར་རོགས་རམ་གནང་བར་ངོས་རང་དགའ་ཚོར་ཆེན་པོ་བྱུང་། ང་ཚོས་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡག་ཤོས་ནི་རིན་པོ་ཆེ་མཆོག་གིས་མིག་དཔེར་འོས་པའི་གཞན་ཕན་གྱི་ཕྱག་ལས་གནང་བ་དེ་ཡིན། ཞེས་གསུང་འཕྲིན་བསྩལ།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས། ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།