ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་དང་སྡེ་ར་ལྡུན་ཁྱབ་ཁོངས་བོད་མི་སྤྱི་ཟུང་འབྲེལ་ཐོག་༸རྒྱལ་བའི་མཛད་རྣམ་དང་༸སྐུའི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུར་དམིགས་ཏེ་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་ཞིག་སྡེ་ར་ལྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་གོ་སྒྲིག་ཞུས་ཡོད།
དེ་ཡང་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་གོ་སྒྲིག་ཞུ་དགོས་པའི་དགོས་དམིགས་སོགས་ཀྱི་སྐོར་ངོ་སྤྲོང་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་ཁག་གི་སྐོར་ངོ་སྤྲོད་གནང་།
འགྲེམས་སྟོན་དུ་ཆོས་མགོན་རིན་པོ་ཆེ་མཆོག་དང་། བསྟན་སྐྱབས་བླ་མ། སྤྱི་ཟུར། རྒྱ་གར་སློབ་ཕྲུག ས་གནས་བོད་མི་བཅས་དོ་དབྱིངས་ཆེན་པོའི་ངང་མཉམ་ཞུགས་གནང་ཡོད།
བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་དེ་བཞིན་རིང་མིན་སྡེ་ར་ལྡུན་ཁྱབ་ཁོངས་གཞིས་ཆགས་ཁག་ཚང་མར་གོ་སྒྲིག་ཞུ་རྒྱུ་དང་། དེ་རྗེས་སྡེ་ར་ལྡུན་ཁུལ་གྱི་རྒྱ་གར་མཐོ་སློབ་དང་སློབ་གྲྭ་བཅས་སུ་གོ་སྒྲིག་ཞུ་འཆར་ཡོད་འདུག་པ་བཅས། །