ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༦ རེས་གཟའ་པ་སངས།
༄༅། །འདི་གར་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་དང་སྡེ་ར་ལྡུན་ཁྱབ་ཁོངས་བོད་མི་སྤྱི་ (Doon Tibetan Community) ཟུང་འབྲེལ་ཐོག་༸རྒྱལ་བའི་མཛད་རྣམ་དང་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུར་དམིགས་ཏེ་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་ཁང་ (Mobile Tibet Museum) ཞིག་གོ་སྒྲིག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༠༤ ཉིན་བདེ་སྐྱིད་གླིང་པོ་ཏཱ་ལ་ཚོགས་ཁང་དུ་དབུ་འབྱེད་མཛད་སྒོ་ཞིག་གོ་སྒྲིག་གིས་སྐུ་མགྲོན་གཙོ་བོ་བསྐོར་བསྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་དབུ་འབྱེད་ཀྱིས་འགྲེམས་སྟོན་འགོ་འཛུགས་ཞུས།
དེ་ཡང་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་མངགས་གནང་དོན་ལྟར། རྒྱ་གར་མང་ཚོགས་ལ་གོ་རྟོགས་སྤེལ་སླད་རྒྱ་ལམ་ཁག་ཏུ་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ཧིན་སྐད་ཐོག་ཕྲད་དར་གསར་འཛུགས་བྱས་པ་དང་། ༸རྒྱལ་བའི་འཁྲུངས་སྐར་སྐབས་ཤིང་འབྲས་འདེབས་བཙུགས། རྒྱ་གར་གནད་ཡོད་མི་སྣ་ཁག་ལ་༸གོང་ས་མཆོག་གི་ཕྱག་དེབ་འབུལ་བ་བཅས་ལས་གཞི་ལག་བསྟར་ཟིན་པ་རྣམས་སྙན་སྒྲོན་ཞུས། འགྲེམས་སྟོན་དུ་མང་ཚོགས་ལོ་ན་རྒན་གཞོན་གྲངས་ ༣༥༠ ལྷག་ཀྱིས་དོ་དབྱིངས་ཆེན་པོའི་ངང་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།
བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་དེ་བཞིན་རིང་མིན་སྡེ་ར་ལྡུན་ཁྱབ་ཁོངས་གཞིས་ཆགས་ཁག་ཚང་མར་གོ་སྒྲིག་ཞུ་རྒྱུ་དང་། དེ་རྗེས་སྡེ་ར་ལྡུན་ཁུལ་གྱི་རྒྱ་གར་མཐོ་སློབ་དང་སློབ་གྲྭ། (Indian Military Academy, Lal Bahadur Shastri Academy ) བཅས་སུ་གོ་སྒྲིག་ཞུ་འཆར་ཡོད། འགྲེམས་སྟོན་གྱི་རྒྱུ་ཆ་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཚན་པ་ནས་མཐུན་འགྱུར་གནང་ཡོད་པ་བཅས། །