ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་རོང་པོ་དགེ་བཤེས་ངག་དབང་དཔལ་བཟང་ངམ་ཡོངས་གྲགས་སུ་རྒན་བཟོད་པ་ལགས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡:༣༠ ཙམ་ལ་སྐུ་གཤེགས་ནས། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་གྲངས་ ༡༦ ཕྱིན་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པ་སྔར་བཞིན་ཐུགས་དམ་ལ་བཞུགས་མུས་ཡིན་འདུག
སེར་སྨད་རོང་པོ་དགེ་བཤེས་ངག་དབང་དཔལ་བཟང་ངམ་ཡོངས་གྲགས་སུ་རྒན་བཟོད་པ་ལགས་ནི། ཁམས་སྟོང་འཁོར་ཡུལ་དགོན་སྡེ་བདུན་གྱི་ནང་ཚན་ཟླ་ཁོག་ནས་འོག་ཟླ་ཞེས་པའི་གྲོང་དུ་ཡབ་ཕུར་བ་མགོན་དང་། ཡུམ་རིག་བྱེད་དབང་མོ་གཉིས་སུ་ཕྱི་ལོ་ ༡༩༣༤ ཟླ་ ༦ ཚེས་ ༣ ཉིན་སྐུ་འཁྲུངས། ཆུང་དུས་ནས་ཁམས་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དགོན་དུ་ཆོས་སྒོར་ཞུགས་ཏེ་དགོན་པའི་འདོན་ཆོག་སོགས་ལ་སྦྱངས་པར་མཛད། རང་ལོ་བཅུ་བཞི་ཙམ་ལ་སྟོང་འཁོར་དགོན་གྱི་མཁན་རབས་ཞེ་གཉིས་པ་བློ་བཟང་འཇམ་དཔལ་ལམ་ངག་དབང་ཆོས་འབྱོར་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་པས་མཚན་ལ་ངག་དབང་དཔལ་བཟང་ཞེས་བཏགས།
ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནང་བོད་དབུས་སུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས་པ་དང་། ལོ་ཤས་རྗེས་སུ་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས་སུ་གཅིག་མཚུངས་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་བཞུགས། ཕྱི་ལོ་ ༡༩༧༠ ལོར་གདན་ས་རྒྱ་གར་ལྷོ་ཕྱོགས་སུ་གཞིས་སྤོས་ཏེ་དགོན་པ་གསར་བཞེངས་སོགས་ཀྱི་ཆེད་ཤིང་ནགས་གཅོད་བྲེག་དང་། ས་ཞིང་འདེབས་ལས་གྲྭ་ཤག་གསར་རྒྱག་སོགས་ཀྱིས་མཚོན་བཙན་བྱོལ་དུ་དགོན་པ་བསྐྱར་དར་གྱི་ཆེད་ཞབས་ཞུ་བླ་མེད་ཞུས་པ་དང་། རྗེས་སུ་རིམ་པས་སེར་སྨད་གྲྭ་ཚང་གི་དངུལ་གཉེར་དང་། ཆོས་ར་གསར་བཞེངས། གཙུག་ལག་ཁང་གསར་བཞེངས་སོགས་མདོར་ན་ལས་འགན་ཆེ་ཕྲ་ཆུང་གསུམ་ལ་ཁྱོན་ལོ་ངོ་བཞི་བཅུ་ལྷག་གི་རིང་འབད་པ་ཧུར་ཐག་གིས་ལྷག་བསམ་གཙང་མས་ཞབས་ཞུ་ཞུས།
ཕྱི་ལོ་ ༡༩༨༩ ཙམ་ལ་གྲྭ་ཚང་རིན་པོ་ཆེ་ནས་གླིང་བསྲེ་དགེ་བཤེས་ཀྱི་མཚན་རྟགས་གསོལ་སྩལ་བྱུང་བ་བཞིན་དགེ་བཤེས་དམ་འཇོག་མཛད། སྤྱིར་ཐུན་མོང་བའི་སྣང་ངོར་གཞུང་ཆེན་མོ་ལ་དེ་ཙམ་གྱིས་སློབ་གཉེར་རྒྱ་ཆེན་པོ་མ་མཛད་ཀྱང་། ནམ་ཞག་རྒྱུན་དུ་སྨན་བླ་མདོ་ཆོག་སོགས་ལ་ཉམས་བཞེས་གཙོ་བོར་མཛད་ཀྱི་ཡོད།
མཐར་བོད་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་བདུན་པ་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡:༣༠ ཙམ་ལ་སྐུ་གཤེགས་ནས། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡ བར་ཉིན་གྲངས་ ༡༦ ཕྱིན་ཡང་སྐུ་ཕུང་ལ་དྲི་མ་སོགས་གང་ཡང་མེད་པ་སྔར་བཞིན་ཐུགས་དམ་ལ་བཞུགས་མུས་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།