ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་ཚོགས་ཐེངས་ཉིན་གཉིས་པ་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༠ ཉིན་དྲ་རྒྱ་བརྒྱུད་ཚོགས་ཡོད།
དེ་ཡང་ཉིན་གཉིས་པའི་ཚོགས་འདུའི་སྟེང་ཐོག་མར་སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱ་ནག་དམར་ཤོག་རྒྱལ་ཁབ་ཆགས་པ་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དྲག་གནོན་བྱས་དང་བྱེད་བཞིན་ཡོད། ཅེས་སོགས་གསུངས།
ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཀུ་ལ་སི་པག་ས་ Mikulas Peksa མཆོག་གིས། ཡུ་རོབ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ནང་ཆོས་དད་རང་དབང་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡིན་པ་གསལ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་ཡོད། ཅེས་དང་། བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་རྣམས་ཀྱིས་གཙོས་འབྲེལ་ཡོད་ཚང་མར་དཔལ་འབྱོར་དམ་བསྒྲགས་ཀྱི་བཀའ་ཆད་གཅོད་དགོས། ཞེས་གསུངས།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ (U.S. Commission on International Religious Freedom) འགན་འཛིན་ནུ་རེ་ (Nury A. Turkel) མཆོག་གིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་རྒྱལ་བ་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་པའི་ཞུ་གཏུག་གནང་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་ཀྱི་ནང་པ་ཚོ་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་བླ་སྤྲུལ་ངོས་འཛིན་ལམ་ལུགས་ཀྱི་གནད་དོན་ཐད་ཐེ་བྱུས་དང་། བཙན་དབང་གིས་གྲྭ་བཙུན་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སློབ་གསོ་སྤྲད་པ། བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་བ་སོགས་ལ་བརྟེན་ནས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་ཡོད། ཅེས་དང་།
རྒྱ་ནག་གཞུང་གིས་མུ་མཐུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ (Universal Declaration of Human Rights) དང། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྤྱི་འབངས་དང་ཆབ་སྲིད་ཐོབ་ཐང་སྲུང་སྐྱོབ་ཀྱི་གྲོས་མཐུན་ (International Covenant on Civil and Political Rights) ལ་རྩིས་མེད་དུ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ཐོག་དྲག་གནོན་བྱེད་བཞིན་ཡོད་སྟབས། ཨ་རི་གཞུང་གིས་གཙོས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་དེའི་འགན་རྒྱ་ནག་གཞུང་ལ་འཁུར་འཇུག་དགོས། ཞེས་སོགས་གསུངས།
ཨིན་ཡུལ་གྱི་བྷར་མིང་ཧམ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་བྷར་མིང་ཧམ་མཐོ་སློབ་ཁང་ (University of Birmingham) གི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་དགེ་རྒན་ཆེན་མོ་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་རྒྱ་ནག་གི་ཆོས་ལུགས་ཀྱི་སྲིད་བྱུས་དང་ཆོས་དད་རང་དབང་ཐོག་དམ་བསྒྲགས་སོགས་ཀྱི་སྐོར་གསུངས།
སུད་སིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལོ་རན་སི་རི་ལེ་ (Laurence Fehlmann Rielle) མཆོག་གིས། སུད་སིའི་གཞུང་གི་ངོས་ནས་དུས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དེ་ཚང་མའི་ནང་ནས་གལ་ཆེ་ཤོས་སུ་རྩི་ཡི་ཡོད་པ་དང་། མ་འོངས་པ་ཡིན་ནའང་མུ་མཐུད་དེ་ལྟར་བརྩི་གནང་གི་རེད། ཅེས་དང་། སུད་སིའི་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་གནང་གི་ཡོད་པ་མ་ཟད། སུད་སི་དང་རྒྱ་ནག་དབར་རྒྱ་ནག་པེ་ཅིན་དུ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཐེངས་ ༡༦ པ་འཚོགས་པའི་སྐབས་སུའང་སུད་སིའི་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་ཡོད། ཅེས་གསུངས།།