ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་དྲྭ་རྒྱ་བརྒྱུད་ཨི་ཌ་ལིའི་གྲོས་ཚོགས་གོང་མའི་ནང་ཧོང་ཀོང་གི་གཞོན་སྐྱེས་གཙོས་རྒྱ་ནག་དང་། ཝེ་ནི་ཛཱུ་ལ་། ཨི་རན། ཀེམ་བྷོ་ཌི་ཡ་བཅས་ཀྱི་ཆབ་སྲིད་བཙོན་པ་སྲུང་སྐྱོབ་ (From #Save12HKyouths to the Case of Political Prisoners in Hong Kong, China, Venezuela, Iran and Cambodia) ཞེས་པའི་བརྗོད་གཞིའི་ཐོག་ཚོགས་འདུ་ཞིག་ཚོགས་ཡོད།
དེ་ཡང་དྲྭ་ཐོག་གི་ཚོགས་འདུ་དེ་བཞིན་ཨི་ཌ་ལིའི་ཆབ་སྲིད་ཚོགས་པ་ (Nonviolent Radical Party and Transnational Transparty) དང་། ཨི་ཌ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལུ་སེའོ་མ་ལན་ (Lucio Malan) མཆོག་གིས་གོ་སྒྲིག་གནང་ཡོད། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་དང་ལྷན་དུ་ཧོང་ཀོང་དང་། རྒྱ་ནག ཝེ་ནི་ཛཱུ་ལ། ཨི་རན། ཀེམ་བྷོ་ཌི་ཡ། ཨ་རི་སོགས་ཀྱི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ། དེ་བཞིན་ཚོགས་པ་ཁག་གི་འགོ་ཁྲིད་རྣམ་པ་སོགས་ཚོགས་འདུར་མཉམ་ཞུགས་གནང་ཡོད།
དྲྭ་ཐོག་གི་ཚོགས་འདུའི་ཐོག་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་དང། བོད་མི་རྣམས་ཀྱིས་ཐོབ་ཐང་རྩོད་ལེན་བྱེད་སྐབས་ཁོང་ཚོར་ཉེས་མེད་ཉེས་འཛུགས་དང་། ཁྲིམས་མེད་ལུགས་མེད་ཀྱིས་འགྲེལ་བརྗོད་བྱས་ཏེ་ཁྲིམས་འགལ་ཉེས་འཛུགས། དེ་བཞིན་ཟླ་བ་མང་པོ་བཀག་བསྐྱིལ་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་གི་ཡོད་པ་ཟད། དེའི་རྐྱེན་པས་བཀག་ཉར་ཁང་ནང་འདས་གྲོངས་སུ་འགྲོ་ཡི་ཡོད་པ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་དྲང་བདེན་དང་རང་དབང་གི་སྒོ་ནས་ཞིབ་དཔྱོད་མི་བྱེད་པར་བཙོན་འཇུག་ལོ་མང་རིང་བྱེད་ཀྱི་ཡོད།
དེ་བཞིན་བཙོན་པ་རྣམས་བཙོན་ཁང་ནང་དུས་ཡུན་རིང་པོ་མནར་གཅོད་བཏང་བར་བརྟེན་བཙོན་ནས་གློད་གྲོལ་བཏང་ཡང་གཟུགས་གཞི་ཧ་ཅང་སྐྱོ་བས་འདས་གྲོངས་སུ་འགྲོ་ཡི་ཡོད་པ་སོགས་ཀྱི་སྐོར་དང་།
གཞན་ཡང་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས། དེ་བཞིན་རྒྱ་ནག་གི་བཀག་བསྐྱིལ་ཁང་ནང་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སོགས་ཀྱི་གནད་དོན་སྐོར་གསུངས་པ་མ་ཟད། རྒྱལ་སྤྱིའི་མང་ཚོགས་ནས་མུ་མཐུད་རྒྱབ་སྐྱོར་གནང་དགོས་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་།
གཞན་ཡང་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། ཨི་ཌ་ལི་གཞུང་གིས་རྒྱལ་ཁབ་གཞན་དང་ལྷན་མཉམ་འབྲེལ་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་སྙན་ཐོ་འདོན་དགོས་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ཐོག་དམིགས་བསལ་ལྟ་ཞིབ་ཚོགས་ཆུང་ཞིག་བསྐོ་བཞག་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ཨི་ཊ་ལིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ཞིག་གཏན་འབེབས་གནང་དགོས་པའི་རེ་སྐུལ་ཡང་ཞུས་ཡོད།
དཀའ་ངལ་དེ་དག་ནི་བོད་མི་གཅིག་པུའི་གནད་དོན་མིན་པར་ཤར་ཏུར་ཀི་སི་ཐན་དང་། སོག་པོ། ཧོང་ཀོང་སོགས་ཀྱི་གནད་དོན་ཡང་ཡིན་ཞིང་། རྒྱ་ནག་གཞུང་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་གྱི་ལས་གཞི་དེ་ད་ཆ་ཨི་ཊ་ལི་གཙོས་པའི་འཛམ་གླིང་ཡོངས་ལ་ཁྱབ་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས། །