ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཆོས་ལྡན་གྱི་ཞིང་ཁམས་ཡོངས་རྫོགས་དབང་སྒྱུར་བྱས་པ་ནས་བཟུང་ཕྱི་ལོ་ ༡༩༧༩ བར་བོད་ཕྱི་ནང་གཉིས་ཀྱི་བར་ལ་གཉེན་ཉེ་དུ་དང་གཞུང་འབྲེལ་གྱི་འབྲེལ་བ་གང་ཡང་བྱུང་ཐུབ་མེད་པ་མ་ཟད། བོད་ཕྱི་ནང་གཉིས་སུ་གནས་ཚུལ་ཅི་བྱུང་སྐོར་ཤེས་རྟོགས་ཡོང་གི་མེད། སྐབས་དེ་དུས་རྒྱ་ནག་གི་སྲིད་འཛིན་ཏིན་ཞའོ་ཕིན་གྱིས། ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་དང་། ནང་ཁུལ་འཁྲུག་ཏུ་གཏོང་བ། ཞེས་པའི་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱས་ཡོད། དེར་བརྟེན་བོད་ནང་སྲིད་བྱུས་ཅུང་ཙམ་གུ་ཡངས་སུ་ཕྱིན་པ་དང་། རིམ་པས་གཞིས་བྱེས་བོད་མི་རྣམས་ལ་བོད་ཕྱི་ནང་གཉིས་སུ་འགྲོ་འོང་གི་གོ་སྐབས་བྱུང་ཡོད།
དེ་བཞིན་རྒྱ་ནག་གཞུང་གིས་བོད་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཀྱང་ཕྲན་བུ་ལྷོད་ཡངས་སུ་བཏང་། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་སྲིད་འཛིན་ཏིན་ཞོ་ཕིན་གྱིས། ༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་རང་བཙན་མ་གཏོགས་གཞན་གནད་དོན་གཞན་གང་ཡིན་ཡང་གྲོས་མོལ་བྱ་ཆོག་པའི་དགོས་འདུན་བཏོན་ཡོད། དེ་ནས་བཟུང་གཞིས་བྱེས་བོད་མི་ཕར་ཚུར་འགྲོ་འོང་འགོ་བཙུགས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་བླ་གཟའ་རེས་གཟའ་ལྷག་པར་འཁེལ་གྱི་ཡོད་སྟབས། སྐབས་དེ་དུས་བོད་ཀྱི་རྒྱལ་ས་ལྷ་སའི་མི་མང་གིས་རེས་གཟའ་ལྷག་པ་ནམ་ཡིན་ལ་བསང་གསོལ་གཏོང་གི་ཡོད།
ལྷ་སའི་མང་ཚོགས་ནས་དེ་ལྟར་བསང་གསོལ་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་། བོད་ལ་མགྱོགས་མྱུར་ཆིབས་སྒྱུར་བསྐྱང་ཐུབ་པའི་སླད་དུ་ཡིན། སྤྱིར་བླ་གཟའ་ཞེས་པའི་གོ་དོན་ནི། ཚིག་མཛོད་ཁག་གི་ནང་བཀོད་པ་ལྟར་ན། རེས་གཟའ་བདུན་ལས་བརྩི་བྱ་སོ་སོར་བྱེ་བྲག་ཏུ་བཟང་བའི་གཟའ་སྟེ། བརྩི་བྱ་ཕལ་ཆེ་བའི་གཟའ་ནི་སོ་སོའི་རང་ལོའི་སྲོག་ཁམས་ཡིན་པའི་གཟའ་དག་ཡིན་པས། རང་ལོ་སྟག་ཡོས་ཡིན་པའི་བརྩི་བྱའི་བླ་གཟའ་ཕུར་བུ་དང་། རྟ་སྦྲུལ་ཡིན་པའི་བརྩི་བྱའི་བླ་གཟའ་མིག་དམར། བྱ་སྤྲེལ་ཡིན་པའི་བརྩི་བྱའི་བླ་གཟའ་པ་སངས། བྱི་ཕག་ཡིན་པའི་བརྩི་བྱའི་བླ་གཟའ་ལྷག་པ། གླང་ཡིན་པའི་བརྩི་བྱའི་བླ་གཟའ་སྤེན་པ། འབྲུག་ཡིན་པའི་བརྩི་བྱའི་བླ་གཟའ་ཉི་མ། ལུག་ཡིན་པའི་བརྩི་བྱའི་བླ་གཟའ་པ་སངས། ཁྱི་ཡིན་པའི་བརྩི་བྱའི་བླ་གཟའ་ཟླ་བ་བཅས་ཡིན། དེ་ལྟའི་བླ་གཟས་དབང་བྱེད་པའི་ཉིན་ལ་བྱ་ལས་ཅི་བྱས་བཟང་ཞིང་དར་དུས་ལྷག་ཏུ་བཟང་བར་བཤད། ཅེས་འཁོད་ཡོད།
ལྷག་ཞེས་པ་ནི་རེས་གཟའ་ལྷག་པར་གོ་དགོས་ཤིང་། དཀར་ཞེས་པ་ནི་དཀར་པོ་དགེ་བའི་ལས་ལ་གོ་དགོས་པ་ཡིན། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད་ཡོད། ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་གཞོན་སྐྱེས། དེ་བཞིན་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མས་རེས་གཟའ་ལྷག་པ་ནམ་ཡིན་ལ་བསང་གསོལ་གཏོང་བ་དང་། དར་ལྕོག་འཛུགས་པ། རླུང་རྟ་གཏོང་བ་སོགས་བྱེད་ཀྱི་ཡོད་པ་མ་ཟད། ཉིན་དེར་བོད་ཡིག་བཀོལ་སྤྱོད་བྱེད་པ་དང་། བོད་ཆས་གྱོན་པ། བོད་ཟས་མཆོད་པ། བོད་ཀྱི་ཚོང་རྫས་ཉོ་བ། གཙང་སྦྲ་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད།
ལྷག་པར་བོད་ནང་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་བོད་ནང་མདོ་དབུས་ཁམས་གསུམ་གྱི་བོད་མི་ཚོས་ལྷག་དཀར་ཉིན་མོར་བོད་ཡིག་བཀོལ་སྤྱོད་བྱེད་པ་དང་། བོད་སྐད་རྒྱག་པ། བོད་ཆས་གྱོན་པ། བོད་གཞས་ལེན་པ། བོད་ཟས་མཆོད་པ། དམར་ཟས་སྤངས་ནས་དཀར་ཟས་ལ་རོལ་བ། བོད་ཀྱི་ཚོང་རྫས་ཉོ་བ། གཙང་སྦྲ་བྱེད་པ་སོགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དང་སྤེལ་མུས་ཡིན། ཕྱིས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུའང་ལྷག་དཀར་ཉིན་མོར་བོད་ཡིག་བཀོལ་སྤྱོད་བྱེད་པ་དང་། བོད་སྐད་རྒྱག་པ། བོད་ཆས་གྱོན་པ། བོད་གཞས་ལེན་པ། བོད་ཟས་མཆོད་པ། དམར་ཟས་སྤངས་ནས་དཀར་ཟས་ལ་རོལ་བ་སོགས་ལྷག་དཀར་སྲུང་བརྩི་ཞུ་ཡི་ཡོད།
དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་རྒྱལ་ཡོངས་སུ་ཆོས་ལུགས་དང་ཆོས་བརྒྱུད། ཆོལ་ཁ། ཕོ་མོ་རྒན་གཞོན་དབྱེ་བ་མེད་པའི་ཐོག་ནས་ས་བྱི་ཞི་རྒོལ་ཆེན་མོ་གནང་བར་བརྟེན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་རྣམ་འགྱུར་ཤུགས་ཆེན་པོ་ཞིག་བསྟན་པ་རེད། བོད་མི་རྣམས་ནས་འཚེ་བ་མེད་པ་དང་ཞི་བའི་ལས་འགུལ་སྤེལ་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ལས་འགུལ་གྱི་ངོ་བོ་འདི་རྡུང་གསོད་འཕྲོག་བཅོམ་གྱི་ལས་འགུལ་ཡིན་པ་དང་། དེའི་རྒྱུ་ནི་བཙན་བྱོལ་དུ་ཡོད་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་སོགས་ནས་བརྒྱུད་སྐུལ་བྱེད་པ་དེ་འདྲའི་ངོ་འཛིན་དང་དྲིལ་བསྒྲགས་བྱས་ཡོད། བོད་ས་ཡོངས་ལ་ཞི་རྒོལ་འདྲ་མིན་སྣ་ཚོགས་བྱུང་ཡོད་པ་མ་ཟད། བོད་མི་རྒན་གཞོན་དར་གསུམ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད།
དེ་བཞིན་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ། བོད་མིའི་སྨྲ་བརྗོད་རང་དབང་འཕྲོག་པ། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ། བོད་མིའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པ། བོད་ས་ཡོངས་རྫོགས་རྒྱ་ནག་རྒྱལ་ཡོངས་ཀྱི་དམ་དྲག་ཆེ་ཤོས་ཀྱིས་ས་ཁུལ་དམག་ས་ལྟ་བུ་བཟོས་ཡོད།
རེས་གཟའ་ལྷག་པ་ལྷག་དཀར་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༧སྐུའི་བླ་གཟའ་ཡིན་སྟབས། དུས་ཚོད་འདི་བདམས་པ་རེད། ཚོན་མདོག་དཀར་པོ་ནི། ཆོས་ཕྱོགས་ནས་ཞི་རྒྱས་དབང་དྲག་ཅེས་ལས་བཞི་བཤད་པའི་ནང་ནས་ཞི་བའི་ལས་ཀྱི་མཚོན་དོན་ནི་དཀར་པོ་ཡིན། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ཡོངས་སུ་རྫོགས་པ་འཚེ་མེད་ཞི་བའི་ལམ་ཡིན་སྟབས། དཀར་པོ་མཚོན་གྱི་ཡོད། ཕྱོགས་མཚུངས་ལས་དང་བྱ་བ་གང་ཞིག་བྱེད་པ་ཡིན་ནའང་རྟེན་འབྲེལ་གྱི་ཚོན་མདོག་ནང་ནས་དཀར་པོ་འདེམས་སྲོལ་ཡོད། དེ་གཉིས་མཉམ་དུ་བསྡོམས་ནས་ལྷག་དཀར་ཞེས་པ་དེ་ཐོག་མར་བྱུང་པ་རེད་སྙམ།
མདོར་བསྡུས་ན་ལྷག་དཀར་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པ་དང་། བོད་མདོ་དབུས་ཁམས་གསུམ་རྡོག་རྩ་གཅིག་སྒྲིལ། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ལྷག་དཀར་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད། །