ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༧ རེས་གཟའ་སྤེན་པའི་ཉིན་རྒྱ་གར་གི་ཚོགས་པ་ ( World NRI Social and Cultural Association) ཞེས་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་རང་དབང་གི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཏེ། རྒྱ་ནག་ལྦུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་གང་སར་ནད་གཞི་སྔོན་འགོག་སླད་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་ནག་བཅིང་འགྲོལ་དམག་མིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་ཡང་ནས་ཡང་དུ་དྲག་རྒོལ་བྱས་པར་སྐྱོན་འཛུགས་བྱས་ཡོད།
དེ་ཡང་བོད་རང་དབང་གི་ལས་འགུལ་དེའི་ཐོག་རྒྱ་གར་གྱི་དམག་སྤྱི་པན་ཇི་ཀར་ (General Panjikar) ལགས་སྐུ་མགྲོན་གཙོ་བོར་འགྲོན་འབོད་གནང་ཡོད་པ་དང་། ལྡི་ལིར་ཡོད་པའི་རྒྱ་གར་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་ཞུགས་གནང་ཡོད། དེ་བཞིན་ལས་འགུལ་སྐབས་རྒྱ་གར་དང་བོད་གཉིས་ཀྱི་རྒྱལ་དར་མདུན་དུ་འཆར་ཏེ་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་ཡོད་པ་བཅས། །