ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་དྲ་རྒྱ་བརྒྱུད་རྒྱ་རིགས་དགེ་རྒན་ཆེན་མོ་ལིག་ཧན་ཧྲིང་ (Lau Han Shiang) ལགས་དང་ལྷན་མིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་གནས་བབ་ (Status of Tibet during Ming Dynasty) ཅེས་པའི་བརྗོད་གཞིའི་ཐོག་ཆུ་ཚོད་ ༡།༣༠ རིང་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་དགེ་རྒན་ཆེན་མོ་ལིག་ཧན་ཧྲིང་ལགས་ཀྱིས་མིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་གནས་བབ་སྐོར་ཞིབ་འཇུག་གཏིང་ཟབ་གནང་རྗེས་བོད་ནི་གནའ་སྔ་མོའི་དུས་སྐབས་ནས་རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་ཆགས་མྱོང་མེད་(Tibet was never part of China since antiquity ) ཅེས་པའི་ཞིབ་འཇུག་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་དཔེ་དེབ་ཞིག་བརྩམས་ཡོད། དགེ་རྒན་ཆེན་མོ་ལིག་ཧན་ཧྲིང་ལགས་ཀྱིས་མིང་རྒྱལ་རབས་སྐབས་ཀྱི་ཁུངས་བཙན་པོའི་ལོ་རྒྱུས་ཡིག་ཆ་ཁག་ལ་ཞིབ་འཇུག་གནང་བ་གཞིར་བཞག་ཐོག་བགྲོ་གླེང་ཐོག་གཏམ་བཤད་གནང་ཡོད། ཕྱོགས་གཅིག་ནས་རྒྱ་ནག་དམར་ཤོག་གཞུང་གིས་མིང་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་དེ་དག་ལ་གཞི་བཅོལ་ནས་བོད་ནི་གནའ་སྔ་མོའི་དུས་སྐབས་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་རྗོད་ཀྱི་ཡོད།
དགེ་རྒན་ཆེན་མོ་ལིག་ཧན་ཧྲིང་ལགས་ཀྱིས། རྒྱ་ནག་གཞུང་གིས་དུས་རྟག་ཏུ་བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ལས་དབང་སྒྱུར་བྱས་པ་མིན་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་བཞིན་ཡོད། རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོའི་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་གན་རྒྱ་ (the 1918 League-of-Nations Covenants) དང་། ཕྱི་ལོ་ ༡༩༤༥ ལོའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ ( the United-Nations Charter of 1945) ལ་མོས་མཐུན་གྱིས་མིང་རྟགགས་བཀོད་ཡོད། རྒྱལ་སྤྱིའི་མཐུན་ཚོགས་ཀྱི་གན་རྒྱ་ཡི་གེ་དང་ཕྱི་ལོ་ ༡༩༤༥ ལོའི་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་འབྱུང་འགྱུར་རྒྱལ་ཁབ་སུ་གང་གིས་ས་ཁུལ་ཁག་དབང་སྒྱུར་བྱ་མི་ཆོག་པ་བཀོད་ཡོད། དེ་བཞིན་རྒྱ་ནག་རྒྱལ་ཚོགས་ཀྱི་བདེ་སྲུང་ལྷན་ཁང་གི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ཆགས་ཡོད། དེར་བརྟེན་རྒྱ་ནག་གིས་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་གན་རྒྱ་དང་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས། ཞེས་དང་།
གཞན་ཡང་དགེ་རྒན་ཆེན་མོ་ལིག་ཧན་ཧྲིང་ལགས་ཀྱིས་གནའ་སྔ་མོའི་རྒྱ་ནག་མིང་རྒྱལ་རབས་སྐབས་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་ཁག་དང་ས་ཁྲའི་ནང་འབར་མ་ (Burma) དང་། ལའོ་སི། (Laos) ཐའི་ལན་ཌིའི་བྱང་ཕྱོགས་(Thailand ) བཅས་མིང་རྒྱལ་རབས་ཀྱི་མངའ་ཁོངས་ཡིན་པ་བཀོད་ཡོད་པ་དང་། བོད་དང་། ཉི་ཧོང་། ཝེ་ཏི་ནམ། ཀོ་རི་ཡ་བཅས་ཕྱིའི་རྒྱལ་ཁབ་ཡིན་པ་བཀོད་ཡོད། ཅེས་གསུངས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དགེ་རྒན་ཆེན་མོ་ལིག་ཧན་ཧྲིང་ལགས་དང་བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་ཡོངས་ལ་ཕེབས་བསུ་ཞུས་པ་དང་སྦྲགས། རྒྱ་ནག་དམར་ཤོག་གཞུང་གིས་དང་ཐོག་བོད་ཐང་རྒྱལ་རབས་སྐབས་ནས་བཟུང་རྒྱ་ནག་གི་ཆ་ཤས་སུ་ཆགས་ཡོད་ཅེས་བརྗོད་ཡོད་པ་དང་། ཕྱིས་སུ་སྒྲུབ་བྱེད་དེ་ཁུངས་འཁྱོལ་པོ་ཡོང་གི་མེད་པར་བརྟེན་བོད་ཐང་རྒྱལ་རབས་སྐབས་ནས་བཟུང་རྒྱ་ནག་གི་ཆ་ཤས་སུ་ཆགས་ཡོད་ཅེས་པའི་བཤད་སྟངས་ལ་འགྱུར་བ་བཏང་ཡོད།
དེ་བཞིན་རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཅེས་ཁས་ལེན་གནང་དགོས་པའི་འབྲེལ་མེད་ཀྱི་ཆ་རྐྱེན་བཏོན་ཡོད། དེའི་ལན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་ལོ་རྒྱུས་ལ་འགྱུར་བ་གཏོང་མི་ཐུབ་ཀྱང་རྒྱ་ནག་དང་མཉམ་གྲོས་མོལ་གནང་འདོད་ཡོད། ཅེས་བཀའ་གསལ་པོར་ཕེབས་ཡོད། ཅེས་གསུངས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད་པ་བཅས།།