ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་ལོའི་ཕྱི་ཟླ་ ༩ ནང་སྤྱི་ཚོགས་དྲྭ་རྒྱའི་ཁྲོད་སྙན་གྲགས་ཆེ་བའི་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་རོང་ཁུལ་གྱི་བོད་རིགས་བུད་མེད་ལྷ་མོ་ལགས་ཁོ་མོའི་ཁྱོ་ག་སྔོན་མས་ཡ་ང་སྙིང་རྗེ་མེད་པར་གཏུམ་སྤྱོད་ཀྱི་དྲག་སྤྱོད་འོག་གསོན་བསྲེགས་བྱས་ཏེ་རང་སྲོག་ཤོར་ཡོད་པ་དང་། གནད་དོན་དེའི་ཐད་རྒྱ་ནག་གིས་གཙོས་རྒྱལ་སྤྱིའི་ནང་གླེང་སློང་ཤུགས་ཆེ་བྱས་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་རྒྱ་ནག་ནང་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་འགོག་ཐབས་ཀྱི་ཁྲིམས་ལུགས་ཧ་ཅང་ཞན་པོ་ཡོད་པར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད། ཁྱིམ་ཚང་ནང་ཕོོ་མོའི་ཆགས་སྲེད་རྩུབ་སྤྱོད་ཀྱི་རིགས་ནི་ལོ་བཞིའི་སྔོན་ཙམ་ནས་རྒྱལ་སྤྱིའི་ནང་གཞུང་གིས་ཁྲིམས་ཐོག་ནས་དོ་ནན་པོའི་ངང་འགོག་ཐབས་བྱེད་རྒྱུའི་གནད་དོན་ཞིག་ཆགས་ཡོད། འོན་ཀྱང་རྒྱ་ནག་ནང་བུད་མེད་སྲུང་སྐྱོབ་ཀྱི་ཆེད་ཁྱིམ་གྱི་ཕོོ་མོའི་ཆགས་སྲེད་རྩུབ་སྤྱོད་ཀྱི་ཁྲིམས་ལུགས་མེད་པ་མ་ཟད། བུད་མེད་ལ་དྲག་པོའི་བཙན་གཡེམ་དང་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་ཁྲིམས་ད་དུང་ཡང་མེད།
རྒྱ་ནག་ནང་ཕོོ་མོའི་ཆགས་སྲེད་རྩུབ་སྤྱོད་ཀྱི་གནོད་ཚེ་ཕོག་མཁན་གྱིས་སྙིང་རུས་ཆེན་པོས་ཉེན་རྟོག་པར་ཞུ་གཏུགས་བྱེད་ཀྱི་ཡོད་ཀྱང་། ཉེན་རྟོག་པས་དེ་ནི་སྒེར་གྱི་གནད་དོན་ཡིན་པས་ནང་དུ་ལོག་ཞེས་ཡང་ཡང་བཤད་ཀྱི་ཡོད། ལྷ་མོ་ལ་ཡང་དེ་ལྟར་བཤད་ཡོད། ཁོ་མོས་རྫོང་ཁོངས་ཀྱི་ཉེན་རྟོག་པར་རང་ཉིད་ཀྱི་དེ་སྔའི་ཁྱོ་ག་ཐང་ (Tang) ཞེས་པས་རྩུབ་སྤྱོད་རིགས་བྱེད་ཀྱི་ཡོད་པ་ཞུ་གཏུགས་དང་། རང་ཉིད་ལ་སྲུང་སྐྱོབ་དགོས་པ་ཞུ་གཏུགས་ཐེངས་མང་བྱས་ཡོད་ཀྱང་ཉེན་རྟོག་པས་སྣང་མེད་དུ་བཞག་ཡོད།
འདི་ལོའི་ཕྱི་ཟླ་ ༩ པའི་ནང་ལྷ་མོས་རྒྱ་ནག་གི་བཀོལ་སྤྱོད་མཉེན་ཆས་དིག་ཡིན་ (Douyin) ཞེས་པའི་ནང་ཐད་གཏོང་བྱེད་བཞིན་པའི་སྐབས། ཁོ་མོའི་ཁྱོ་ག་སྔོན་མས་གྲི་དང་རྡོ་སྣུམ་ཁྱེར་ཏེ་བཙན་དབང་གིས་ལྷ་མོ་མེར་བསྲེགས་བཏང་ཡོད། དེ་སྐབས་ཁོ་མོའི་ཐད་གཏོང་ལ་དོ་ཁུར་བྱེད་མཁན་མི་གྲངས་ ༣༠༠ ལྷག་བྱུང་འདུག
ལྷ་མོའི་གཟུགས་པོ་བརྒྱ་ཆ་ ༩༠ ལྷག་མེར་བསྲེགས་ཐེབས་ཡོད་སྟབས་སྨན་བཅོས་བྱེད་ཐབས་མ་བྱུང་བར་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཚེ་སྲོག་ཤོར་ཡོད། ལྷ་མོ་ལྟ་བུའི་གྱོད་དོན་དེ་ནི་རྒྱ་ནག་ནང་ཕོོ་མོའི་ཆགས་སྲེད་རྩུབ་སྤྱོད་ཀྱི་གྱོད་དོན་མང་པོའི་ནང་ནས་གཅིག་ཡིན་པ་དང་། གནད་དོན་དེས་རྒྱ་ནག་གིས་ཁྲིམས་ཐོག་ནས་ཁྱིམ་པ་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་རིགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་སྟོན་གྱི་ཡོད།
ལྷ་མོ་འདས་གྲོངས་དུ་ཕྱིན་པའི་ཉིན་གཉིས་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་གནད་དོན་སྐོར་གྱི་ཚོགས་འདུ་ཞིག་གི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ (Xi Jinping) གིས་བུད་མེད་ཀྱི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་གལ་ཆེ་བའི་བྱ་བཞག་ཅིག་ཡིན་ཞེས་བཤད་ཡོད་ཀྱང་། ལྷ་མོའི་གནས་སྟངས་ལྟ་བུ་ནི་རྒྱ་ནག་ནང་འཆར་ཅན་ལྟར་འབྱུང་གི་ཡོད།
ལྷ་མོའི་གྱོད་དོན་ལ་རྒྱ་ནག་གིས་གཙོས་རྒྱལ་སྤྱའི་གསར་ཁང་ཁག་གིས་དོ་སྣང་ཤུགས་ཆེ་གནང་ཡོད་པ་དང་། ལྷག་པར་དྲྭ་ཐོག་ནས་ཁོ་མོར་དོ་ཁུར་བྱེད་མཁན་རྣམས་ཀྱིས་གནོན་ཤུགས་སྤྲད་པར་བརྟེན་ཁྱོ་ག་ཟུར་པ་རྒྱ་རིགས་དེ་འཕྲལ་དུ་འཛིན་བཟུང་བྱས་འདུག
བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས། རྒྱ་ནག་ནང་ཕྱི་ལོ་ ༢༠༡༦ ལོའི་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་ཀྱི་ཁྲིམས་ (Chinese Domestic Violence Act 2016) ལག་བསྟར་མ་བྱས་པར་བརྟེན་ལྷ་མོའི་ཞུ་གཏུགས་ལམ་ལྷོངས་མ་བྱུང་བ་ཞིག་མིན་པར། དེ་ནི་རྒྱ་ནག་ནང་དེ་ལྟ་བུའི་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་རིགས་ཀྱི་ཁྲོད་བུད་མེད་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཤིག་མེད་པས་ཡིན་པ་དང་། གལ་ཏེ་ས་གནས་ཀྱི་དབང་འཛིན་པ་ཚོས་དང་ཐོག་ནས་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་ཀྱི་རིགས་ལ་ཤེས་རྟོགས་དང་ལག་བསྟར་འཚམ་པོ་ཞིག་བྱས་ཡོད་ཚེ་ལྷ་མོའི་གནས་སྟངས་འགོག་ཐུབ་ཀྱི་ཡོད།
ཁྱབ་གདལ་འགྲོ་བཞིན་པའི་ཁྱིམ་གྱི་རྩུབ་སྤྱོད་རིགས་ངོས་འཛིན་བྱས་ཏེ་སྔོན་འགོག་དང་བཀག་སྡོམ་བྱེད་རྒྱུའི་དུས་ལ་སླེབས་ཡོད་པ་མ་ཟད། ལྷག་པར་གནོད་ཚེ་ཕོག་མཁན་རྣམས་ཀྱི་འགྲེལ་བརྗོད་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས།།