ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་ཡོངས་སུ་སྔོག་ནས་བསྒྱུར་བཟོ་བྱས་པ་དང་མཉམ་དུ་མདུན་ཐང་དུ་ལྕགས་དྲྭ་དང་ཞིབ་བཤེར་འཛུལ་སྒོ་སོགས་ཇེ་མང་དུ་བཏང་ཡོད་པ་མ་ཟད། གཙུག་ལག་ཁང་མདུན་གྱི་བསང་ཁུང་གི་ཁར་ལྕགས་སྒོ་རྒྱབ་ནས་བོད་མི་ཚོས་བསང་གསོལ་བྱེད་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད།
དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཉེ་བའི་ཟླ་ཤས་ནང་ལྷ་སའི་གཙུག་ལག་ཁང་གི་བར་སྐོར་དང་། མདུན་ཐང་བཅས་སུ་བསྒྱུར་བཟོ་བྱས་བའི་ལས་གཞི་དང་མཉམ་དུ། དད་ལྡན་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་མེད་པར་བཟོས་པ་དང་དམ་དྲག་བྱེད་བཞིན་པ་མངོན་གསལ་འདུག དེ་སྔ་གཙུག་ལག་ཁང་གི་མདུན་དུ་བསང་ཁུང་ཆེན་པོ་གཉིས་ཡོད་པ་དེ་ནས་དད་ལྡན་བོད་མི་ཚོས་ཚེས་བཟང་དུས་བཟང་དང་། ལྷག་དཀར་བཅས་སུ་འཚང་ཀ་ཤིག་ཤིག་གིས་བསང་གསོལ་བྱེད་སྲོལ་ཡོད་པ་དེ་ད་སྐབས་བསང་ཁུང་གི་ཁར་ལྕགས་སྒོ་བརྒྱབ་ནས་བསང་གསོལ་བྱེད་མི་ཐུབ་པ་བཟོས་ཡོད་པ་དང་། གཞན་ས་གནས་ཁག་མང་པོའི་བསང་ཁུང་ཁ་བཀབ་ནས་བསང་གསོལ་གཏོང་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད། དེའི་ཐད་ལྷ་སར་ཡོད་པའི་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བསང་གསོལ་གང་བྱུང་བྱས་པས་ཁོར་ཡུག་ལ་གནོད་པ་དང་། མཁའ་རླུང་མི་གཙང་བ་བཟོ་བཞིན་པ་བོད་མི་ཚོར་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་ཟླ་ཤས་གོང་། ཤེས་དཔལ་གྱིས་བསང་གཏོང་རྒྱུ་དེ། ཁྱེད་དང་ང་ནས་འགོ་བརྩམས་དགོས་ཞེས་ཉིན་ཤས་དྲིལ་བསྒྲགས་དང་མཉམ་བསང་གཏོང་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་འདུག
དེ་བཞིན་ཡང་བོད་ནས་བོད་མི་གཞན་ཞིག་གིས། བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་ལ་སྟངས་འཛིན་དང་དམ་དྲག་བཀག་སྡོམ་བྱེད་བཞིན་པའི་གནས་སྟངས་ཇེ་སྡུག་ཡིན་པ་དང་། ཐ་ན་ཕྱག་འཚལ་བ་དང་བསང་གསོལ་བྱེད་པའི་སྲོལ་རྒྱུན་ཁག་ཡང་རིམ་པས་མེད་པར་བཟོ་བཞིན་པ་ནི་རིག་གནས་གསར་བརྗེ་ཡང་བསྐྱར་སླེབས་བཞིན་པ་དང་འདྲ་ཞེས་ངོ་སྤྲོད་གནང་།
འདི་ལོའི་ལོ་སྟོད་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་སའི་རྣམ་པ་གོང་མཐོར་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་གཏོང་རྒྱུ་ཡིན་ཚུལ་གྱིས། བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ངམ་གཙུག་ལག་ཁང་གི་མདུན་ཐང་ཡོངས་སུ་བསྔོགས་ནས་ཟླ་ཤས་རིང་བསྒྱུར་བཟོའི་ལས་གཞི་སྤེལ་ཡོད་པ་དང་། ཕྱི་ཟླ་༨ པའི་ནང་ཡོངས་སུ་གྲུབ་ཡོད་ཀྱང་། གཙུག་ལག་ཁང་གི་མདུན་སྒོའི་རྡོ་གཅལ་ཐང་དུ་ནམ་རྒྱུན་དད་ལྡན་པ་མང་པོས་འཚང་ཁའི་ངང་ཕྱག་འཚལ་ནས་གསོལ་བ་སྨོན་ལམ་རྒྱག་ས་ད་ཆ་ལྕགས་དྲྭས་སྐོར་ནས་བཀག་ནས་ཡོངས་སུ་བཀག་ནས་ཕྱག་འཚལ་ས་ཡང་མེད་པ་བཟོས་ཡོད་འདུག །