ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །རྟ་དབང་ནི་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་ཡིན་པ་མ་ཟད། མོན་ཡུལ་ (Arunachal Pradesh) གྱི་རིག་གཞུང་གི་བསྟི་གནས་ཤིག་ཀྱང་ཡིན། རྟ་དབང་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ (Bharat Tibbat Sahyog Manch) གོ་སྒྲིག་འོག་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་དབང་སྒྱུར་བྱས་པ་དང་། དེ་བཞིན་འདི་ལོ་ཕྱི་ཟླ་ ༦ དང་ ༨ ནང་འཕགས་བོད་གཉིས་ཀྱི་ས་མཚམས་སུའང་རྒྱ་ནག་གི་དམག་མི་དང་རྒྱ་གར་གྱི་དམག་མི་དབར་གདོང་ཐུག་བྱུང་སྟེ་བོད་པའི་དམག་མི་ཉི་མ་བསྟན་འཛིན་ལགས་ཀྱི་སྲོག་ཤོར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མོན་ཡུལ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་གྱི་ཆ་ཤས་ཤིག་ཡིན་པ་རྗོད་བཞིན་པ་བཅས་ལ་ཞི་བའི་ངོ་རྒོལ་གྱི་གོམ་བགྲོད་གནང་ཡོད།
དེ་ཡང་མོན་ཡུལ་ཁུལ་གྱི་གྲྭ་བཙུན་རྒན་པ་དང་ས་གནས་ཡུལ་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ལྷན་འཛོམས་ཀྱིས་སྨོན་ལམ་འདོན་བཞིན་རྟ་དབང་དགོན་པ་ནས་ས་གནས་ཁྲོམ་གཞུང་བརྒྱུད་ཡིད་དགའ་ཆོས་འཛིན་ཚོགས་ཁང་བར་ཁྱོན་སྤྱི་ལེ་ ༥ ཙམ་རིང་ཞི་བའི་ངོ་རྒོལ་གྱི་གོམ་བགྲོད་གནང་ཡོད། ཞི་བའི་ངོ་རྒོལ་གྱི་གོམ་བགྲོད་གྲོལ་རྗེས་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་ཚང་མ་ཡིད་དགའ་ཆོས་འཛིན་ཚོགས་ཁང་ནང་འཛོམས་ཏེ་ཚོགས་འདུ་ཚོགས་ཡོད། ཚོགས་འདུའི་ཐོག་མར་རྟ་དབང་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ལྷུན་གྲུབ་ཆོས་བཟང་ལགས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཚོས་ཞི་བའི་གོམ་བགྲོད་ཀྱི་ལམ་ནས་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་གནང་བའི་སྐོར་སོགས་གསུངས།
དེ་རྗེས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Indian Core Group for Tibetan Cause) དང་། དེའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་ཡོད། ཚོགས་འདུའི་ཐོག་རྒྱ་གར་ཤར་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སུ་རེནྡྲ་ཀུ་མཱར་ (Shri Surendra Kumar) ལགས་དང་། རྒྱ་གར་ཨ་སམ་དང་མེ་གྷ་ལ་ཡའི་མངའ་སྡེ་ཁུལ་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སོ་མ་ཡ་ཌིབ་དཱ་ཏཱ་ (Soumyadeep Datta) ལགས། འབྲས་ལྗོངས་དང་ནུབ་བྷང་གལ་མངའ་སྡེ་ཁུལ་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་པདྨ་དབང་གྲགས་བྷོ་ཊ་ཡ་ལགས། མོན་ཡུལ་ཁུལ་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བླ་བཟང་དགེ་ཆེན་ལགས་སོགས་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་སྐུ་མགྲོན་གཙོ་བོ་སུ་རེནྡྲ་ཀུ་མཱར་ལགས་ཀྱིས། འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་གསུང་བཤད་གནང་བ་མ་ཟད། འབྲེལ་ཡོད་ཚོགས་པ་ཁག་དང་མི་སྒེར་པ་སོགས་ནས་རྒྱ་གར་དབུས་གཞུང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གཞུང་གིས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷཱ་རཏ་རཏྣཱ་ (Bharat Ratna) ཞེས་པ་འབུལ་ལམ་ཞུ་དགོས་པའི་འབོད་སྐུལ་སོགས་གནང་ཡོད། ཨ་སམ་དང་མེ་གྷ་ལ་ཡའི་མངའ་སྡེ་ཁུལ་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སོ་མ་ཡ་ཌིབ་དཱ་ཏཱ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་བོད་བརྒྱུད་ནང་བསྟན་གཏོར་བཤིག་བཏང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་རྒྱ་གར་ནང་བཙན་བྱོལ་བོད་མི་ཚོས་སླར་ཡང་བོད་བརྒྱུད་ནང་བསྟན་རྒྱ་གར་ནང་བསྐྱར་གསོ་གནང་ཡོད་པ་སོགས་ཀྱི་སྐོར་གསུངས།
མོན་ཡུལ་ཁུལ་གྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བློ་བཟང་དགེ་ཆེན་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་ཡུལ་ཁུལ་གྱི་མི་མང་ཚོར་ཧ་ཅང་ཉེ་པོ་གནང་གི་ཡོད་པས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་སླར་ཡང་ཆིབས་སྒྱུར་བསྐྱང་ཐུབ་སླད་མོན་ཡུལ་མི་མང་གིས་འགན་འཁུར་གནང་དགོས་པ་སོགས་ཀྱི་སྐོར་གསུངས། ཐེངས་འདིའི་ཞི་བའི་ངོ་རྒོལ་གྱི་གོམ་བགྲོད་ནང་སེར་སྐྱ་ཕོ་མོ་གྲངས་ ༡༡༣ ཙམ་མཉམ་ཞུགས་གནང་ཡོད་པ་བཅས།།