ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ གི་ཚེས་ ༡༧ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri R K Khrimey) མཆོག་གི་སྣེ་འཁྲིད་འོག་ཨ་སམ་དང་མེ་གྷ་ལ་ཡ། ནུབ་བྷང་གྷལ། འབྲས་ལྗོངས་བཅས་ཀྱི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་ཉེ་ཆར་ཕྱི་ཟླ་ ༦ དང་ ༨ པར་ལ་དྭགས་དང་སྤང་གོང་ཚོར་རྒྱ་ནག་གིས་བཙན་འཛུལ་བྱས་པར་མུ་མཐུད་ངོ་རྒོལ་སླད་གྷོ་ཧ་ཌིར་རྟེན་གཞི་བྱས་པའི་ (Guwahati Press Club) ཞེས་པའི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
སྐབས་དེར་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་མཆོག་གིས་རྒྱ་གར་དང་བོད་དབར་འབྲེལ་ལམ་དམ་ཟབ་ཡོད་སྐོར་དང་འབྲེལ་རྒྱ་དཀར་ནག་དབར་མཐའ་མཚམས་ཀྱི་འབྲེལ་བ་གཏན་ནས་མེད་པ་དང་། རྒྱ་ནག་བཅིངས་བཀྲོལ་དམག་མིས་དྲག་ཤུགས་ལ་བརྟེན་ནས་བཙན་བཟུང་བྱས་པའི་བོད་དང་ས་མཚམས་འབྲེལ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་སྔ་བོད་ལྷོ་ཕྱོགས་ཀྱི་ས་ཁུལ་ཡིན་པས་ད་ཆ་རྒྱ་ནག་གི་ས་ཁོངས་ཡིན་ཚུལ་བརྗོད་པར་ངོ་རྒོལ་ཤུགས་ཆེ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དང་ཐག་ཉེ་བའི་ཁྲིན་ཏུ་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་གཉིས་པ་དེ་བཟོ་སྐྲུན་བྱས་པར་དེ་བས་ངོ་རྒོལ་ཤུགས་ཆེ་ཡོད། ཅེས་དང་།
དེ་བཞིན་རྒྱ་གར་གྱིས་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགྱོགས་མྱུར་བདེ་འཇགས་དང་སྤོབས་པ་ཆེན་པོའི་ངང་བོད་ལ་ཕྱིར་ཕེབས་གནང་ཐུབ་པ་ཞུ་རྒྱུ་ཡིན་སྐོར་སོགས་གསུངས།
དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གིས་རྒྱ་གར་དང་བོད་གཉིས་དབར་རིག་གཞུང་སོགས་ཀྱི་འབྲེལ་བ་དང་། ལྷག་པར་རྒྱ་གར་བྱང་ཤར་ས་ཁུལ་གྱི་མངའ་སྡེ་ཁག་དང་འབྲེལ་ལམ་དམ་ཟབ་ཡོད་སྐོར་དང་། བོད་ཀྱི་ཁོར་ཡུག་གི་གལ་གནད་དང་འབྲེལ། བོད་ནས་འབབ་བཞིན་པའི་ཆུ་བོ་ཡར་ཀླུང་གཙང་པོསགཙོས་རྒྱུག་ཆུ་ཁག་ནི་རྒྱ་གར་གྱིས་གཙོས་ཨེ་ཤི་ཡའི་ཚེ་སྲོག་ལྟ་བུར་རྒྱུར་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་རང་བྱུང་མ་ཡིན་པར་བཙན་ཤེད་ཀྱིས་བོད་ནས་འབབ་བཞིན་པའི་རྒྱུག་ཆུ་ཁག་གི་ཁ་ལོ་བསྒྱུར་བ་དང་། ཡར་ཀླུག་གཙང་པོས་གཙོས་རྒྱུག་ཆུ་ཆེ་ཁག་ཐོག་གློག་ཁང་དང་ལས་གྲ་བཅུ་ཕྲག་འཛུགས་སྐྲུན་བྱས་ཏེ། རྒྱ་གར་གྱིས་གཙོས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་འཐུང་ཆུའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་སོགས་གསུངས།
གསར་འགོད་ལྷན་ཚོགས་ཀྱི་གོ་སྐབས་བརྒྱུད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ (China Hands Off Tibet) ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་། ཐེངས་འདིར་གསར་འགོད་པ་མི་གྲངས་ ༥༠ ལྷག་མཉམ་ཞུགས་གནང་ཡོད་པ་བཅས། །