ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨོ་ཌི་ས་ས་གནས་འབྲེལ་མཐུད་པ་དང་། ཨོ་ཌི་ས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ (Jatiyatabadi Jubo Parishad, Bharatiya Janta Mazdoor Trade Union and Ganasamannay) ཞེས་པའི་ཚོགས་པ་ཁག་ནས་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད།
དེ་ཡང་ཞི་བའི་གོམ་བགྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་དམར་ཤོག་གཞུང་གི་བོད་ནས་ཐེ་ཝན་དང་། ཧོང་ཀོང་། ཡུ་གུར་བར་དང་། ད་ཆ་ལ་དྭགས་ནས་ཨ་རུ་ནཱ་ཅལ་མངའ་སྡེ་བཅས་ནང་རྒྱ་བསྐྱེད་རིང་ལུགས་ཀྱི་གསང་བའི་སྲིད་བྱུས་རྣམས་ཐེར་འདོན་བྱེད་རྒྱུ་ཡིན་པ་དང་། ངོ་རྒོལ་གྱི་ལས་གུལ་ནང་ཁྱོན་མི་གྲངས་ ༥༠ ལྷག་མཉམ་ཞུགས་གནང་སྟེ། བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། ལ་དྭགས་ནི་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ། ཨ་རུ་ནཱ་ཅལ་མངའ་སྡེ་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་སོགས་འཕྲེད་དར་སྟེང་བཀོད་དེ་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་ཤུགས་ཆེ་གནང་ཡོད།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ་ལྕམ་སྐུ་རུ་བྷི་མུ་ཁར་ཇི་ (Ms Ruby Mukherjee) ལགས་ཀྱིས་རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ངང་ཉེས་མེད་བོད་མིར་མནར་གཅོད་དང་བཙོན་འཇུག་སོགས་ཡ་ང་བའི་བོད་ནང་གི་གནས་སྟངས་ལ་མྱ་ངན་ཞུས་ཏེ། རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་ཇུས་ལ་བཟོད་ཐབས་བྲལ་ཏེ་བོད་ནང་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་དང་། རང་ལུས་མེར་སྲེག་གི་གནད་དོན་དེར་རྒྱལ་སྤྱིའི་ནང་དོ་སྣང་ཆེན་པོ་སླེབས་ཡོད་ཀྱང་། རྒྱ་ནག་དམར་ཤོག་གཞུང་ནས་གནད་དོན་དེར་དོ་སྣང་གང་ཡང་བྱེད་ཀྱི་མེད་སྐོར་གསུངས་པ་མ་ཟད། བོད་མིར་རང་དབང་སླར་གསོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤོབས་པ་ཆེན་པོའི་ངང་བོད་དུ་ཕྱིར་ཕེབས་ཐུབ་པ་མཁས་ལེན་བྱེད་རྒྱུ་ནི་ད་ཆ་ང་ཚོ་རྒྱ་གར་མི་མང་གི་འགན་འཁྲི་ཡིན་སྐོར་སོགས་གསུངས།
དེ་བཞིན་ལས་འགུལ་སྐབས་ཚོགས་པ་ཁག་གི་མཐུས་མི་རྣམས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་ལ་རྒྱ་ནག་གཞུང་གི་གཡོ་སྒྱུ་དང་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེ་གནང་ཡོད།
ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་འབུམ་རམས་པ་མ་སུམ་ཨཀ་ཏར་ Dr. Masum Akhtar, Padmashree Awardee མཆོག་གིས་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས། །