ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༥ ནས་ ༢༣ བར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཨུ་རུ་སུའི་ཤར་ཕྱོགས་ས་ཁུལ་ཁག་གི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༥ ཉིན་བྷུ་རི་ཡ་ཐི་སྤྱི་མཐུན་རྒྱལ་ཁབ་ (Buryat Republic) ཀྱི་རྒྱལ་ས་ཨུ་ལན་ཨུ་དེའི་ (Ulan Ude) ནང་རྟེན་གཞི་བྱས་པའི་བྷུ་རི་ཡ་ཐིའི་དབུས་གཞུང་གི་མཐོ་སློབ་ (Buryat State University) དང་། ནང་པའི་མཐོ་སློབ། (Dashi Choinhorlin) སོགས་གཙོ་བོར་གྱུར་པའི་སློབ་གཉེར་བསྟི་གནས་ཁང་ཁག་གཅིག་གི་ནང་གཟིགས་སྐོར་དུ་ཕེབས་ཡོད།
གཞན་ཡང་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ནང་པའི་མཐོ་སློབ་ (Dashi Choinhorlin) ཀྱི་སློབ་སྤྱི་དགེ་བཤེས་ (Dembryl) ལགས་དང་ཐུག་འཕྲད་ཀྱིས་ནང་པའི་ཤེས་ཡོན་སྐོར་གོ་བསྡུར་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་དགེ་བཤེས་ལགས་ལ་སྟོན་པའི་སྐུ་བརྙན་ཞིག་ཕུལ་ཡོད།
ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུའི་གྲོས་ཚོགས་འོག་མའི་ཚོགས་གཞོན་ཟུར་པ་ཨི་རན་ཆི་ (Mr Irenchi Makhtanov) མཆོག་དང་ཐུག་འཕྲད་གནང་སྟེ་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གསུངས་ཡོད། སྐབས་དེར་ཚོགས་གཞོན་ཟུར་པ་ཨི་རན་ཆི་མཆོག་གིས་བོད་མིའི་འཐབ་རྩོད་སྐོར་ཤེས་རྟོགས་ཆེད་དུ་བཞུགས་སྒར་རྡ་སར་ཕེབས་རྒྱུར་བསམ་བློ་གཏོང་གི་ཡོད་པའི་སྐོར་སོགས་གསུངས་ཡོད།
ཕྱི་ཚེས་ ༢༡ ཉིན་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ཡུལ་ (Tuva Republic) དུ་ཕེབས་ཏེ་ས་གནས་བོད་དོན་རྒྱབ་སྐྱོར་བ་དང་། བོད་མི། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་དང་ཐུག་འཕྲད་ཀྱིས་དུས་རབས་ ༢༠ ནང་དམར་ཤོག་འོག་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་ཡུལ་གྱི་མི་མང་དང་བོད་མི་ཚོས་མྱངས་པའི་དཀའ་སྡུག་སྐོར་དང་། ད་ཆ་ཐུ་ཝ་ཡུལ་གྱི་མི་མང་དང་བོད་མི་ཚོའི་ཆོས་ཀྱི་དབུ་ཁྲིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་གཅིག་མཚུངས་ཡིན་པ་མ་ཟད། ནང་ཆོས་ཉམས་ལེན་བྱེད་བཞིན་པ་ཡང་གཅིག་པ་ཡིན་པ་སོགས་ཀྱི་སྐོར་གསུངས། །