ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ནས་ཚེས་ ༣༠ བར་ཉིན་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཞི་རིམ་བར་མ་འཛིན་རིམ་བརྒྱད་པའི་བོད་ཡིག་སློབ་དེབ་རགས་ཟིན་རྩོམ་སྒྲིག་ལེགས་པར་ཟིན་ཏེ། མཐའ་མའི་གཏན་འབེབས་ཚོགས་འདུ་དེ་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་ཡོད།
སྤྱིར་ཚོགས་འདུ་འདི་བཞིན་ལོ་འདིའི་ཕྱི་ཟླ་ ༦ པའི་ནང་ཚོགས་འཆར་ཡིན་ཡང་། རྒྱ་ནག་ཝུ་ཧན་ནས་མཆེད་ཏོག་དབྱིབས་གཉན་རིམས་ ༡༩ པའི་རྐྱེན་པས་འཕར་འགྱངས་ཀྱིས་ད་བར་ཚོགས་མ་ཐུབ་པ་དང་། དུས་འདིར་ཡང་འགོག་དབྱེ་ཟུར་འཇོག་མཚོན་པའི་དཀའ་ངལ་གྱི་རྐྱེན་པས་ཕྱོགས་བཞུགས་བསྐྱར་ཞིབ་ཚོགས་མི་རྣམས་ཀྱི་བརྒྱུད་ལམ་གང་རུང་བསམ་ཚུལ་གང་ཡོད་བསྡུ་རུབ་ཀྱིས་ལས་བཅར་ཞུ་མ་དགོས་པ་བྱས་ཏེ། ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་དང་། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསོད་ནམས་བཟང་པོ་ལགས། བོད་ཡིག་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་བཀྲ་ཤིས་རྡོ་རྗེ་ལགས། ས་གནས་སུ་བཞུགས་པའི་བསྐྱར་ཞིབ་ཚོགས་མི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་ཨ་ནམ་བཟོད་པ་ལགས། དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས་དང་། དྷ་ཤོད་བོད་ཁྱིམ་སློབ་གྲྭའི་བོད་དགེ་ངག་དབང་སྦྱིན་པ་ལགས་བཅས་ཚོགས་ཞུགས་གནང་ཡོད།
ཚོགས་འདུའི་སྟེང་བོད་ཡིག་སློབ་དེབརྩོམ་སྒྲིག་པས་བསྒྲིགས་པའི་རགས་ཟིན་ལ་གོ་བསྡུར་སྦྱངས་བཤད་དང་། སྣོན་འཕྲི་སྤོར་གཅོག བསྐྱར་ཞིབ་ཚོགས་མི་སོ་སོས་དགོངས་ཚུལ་དང་གྲོས་བསྡུར་ལྷུག་པོ་གནང་སྟེ་གཏན་འབེབས་གནང་།
འཛིན་རིམ་བརྒྱད་པའི་དེབ་དེའི་ནང་བསླབ་བྱའི་སྡེ་ཚན་དང་། བརྡ་སྤྲོད་སྡེ་ཚན། རྩོམ་རིག་སྡེ་ཚན། ལག་ལེན་སྡེ་ཚན། གཞོགས་འདེགས་སྡེ་ཚན་བཅས་ཚན་པ་ལྔར་ཕྱེ་ནས་རྩོམ་སྒྲིག་བྱས་ཡོད། སློབ་དེབ་འདི་བཞིན་ཕྱི་ལོ་ ༢༠༢༡ གི་སློབ་སྐབས་ནས་ལག་བསྟར་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་འཛིན་རིམ་བརྒྱད་པའི་སློབ་དེབ་ཀྱི་བསྐྱར་ཞིབ་འགྲོ་གྲོན་མཐུན་འགྱུར་གནང་མཁན་སྦྱིན་བདག་ནི། ཌ་ནི་ཌ་རོགས་ཚོགས་ཆགས་ཡོད་པ་བཅས། །