ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༣༥ སྤེལ་ཡོད་པ་དང་གསར་འགོད་གསལ་བསྒྲགས་སྤེལ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་དབང་གཡང་མཚོ་ལགས་དང་། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས། ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་དབང་གཡང་མཚོ་ལགས་ཀྱིས་མི་མང་ལ་ལམ་སྟོན་གནང་དོན། ད་ཆ་རྒྱ་གར་ནང་ཟླ་བ་ ༡༡ ནང་ནད་གཞི་ཕོག་པའི་གྲངས་ཇེ་མང་དང་འདས་གྲོངས་ཀྱི་གྲངས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་ན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མི་མང་ལ་སྔོན་འགོག་གི་ཐབས་ལམ་རྣམས་དཔར་རིས་དང་བརྙན་ཐུང་བརྒྱུད་གོ་རྟོགས་ལམ་སྟོན་སྤེལ་བཞིན་ཡོད་ཀྱང་ད་དུང་སྤྱི་ཚོགས་ནང་འགན་མ་འཁུར་མཁན་རེ་ཟུང་འདུག་ན་ད་ལན་ངས་སྔོན་འགོག་གི་ཐབས་ལམ་དག་བསྟེན་ན་ཕན་ཐོགས་གང་ཡོད་གསལ་སྟོན་ཞུ་རྒྱུ་ཡིན།
དང་པོ་ཁ་རས་གྱོན་པའི་ཕན་ཐོག་དེ་ད་ལྟའི་གཉན་རིམས་འདི་མཆིལ་མའི་རྡུལ་ཕྲན་ནས་འགོས་ཁྱབ་འགྲོ་ཡི་ཡོད་ན་མི་གང་ཞིག་ལ་ཏོག་དབྱིབས་གཉན་སྲིན་དེ་ཡོད་ཚེ་མི་དེས་གློ་དང་སྦྲིད་པ་རྒྱག་པ། ཡང་ན་སྐད་ཆ་ཤོད་སྐབས་མི་དེའི་མཆིལ་མའི་རྡུལ་ཕྲན་དེ་ཕྱིར་ཐོར་གྱི་ཡོད་པས་གང་ཏེ་རང་ཉིད་ནས་ཁ་རས་གྱོན་ནས་ཁ་དང་སྣ་གཉིས་བཀབ་ཡོད་ཚེ་གཉན་སྲིན་དེ་རང་ཉིད་ལ་འགོས་ཉེན་མེད། ཡང་གལ་ཏེ་རང་ཉིད་ལ་ཏོག་དབྱིབས་གཉན་རིམས་ཀྱི་གཉན་སྲིན་དེ་འགོས་ཡོད་པ་དང་རང་ཉིད་ནས་ཁ་རས་མ་གྱོན་པར་གློ་དང་སྦྲིད་པ་སོགས་རྒྱག་ཚེ་དེ་སྐབས་མཆིལ་མའི་རྡུལ་ཕྲན་བརྒྱུད་དེ་ཉེ་འགྲམ་གྱི་མི་གཞན་ཡོད་ན་དེ་ལ་འགོས་ཉེན་ཡོད་པས་ཁ་རས་གྱོན་ཚེ་རང་ཉིད་དང་མི་གཞན་ཚང་མ་གཉན་སྲིན་འགོས་ཁྱབ་ལས་སྲུང་སྐྱོབ་ཐུབ་ཀྱི་ཡོད། ནད་ཡམས་ཁྱབ་གདལ་འགོག་ཐབས་གཉིས་པ་དེ་ཁ་རས་གྱོན་པ་དང་མཉམ་དུ་མང་ཚོགས་ནང་མི་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ་དེ་རེད།
རྒྱང་ཐག་འཇོག་པའི་རྒྱུ་མཚན་དེའང་ད་ལྟའི་གཉན་རིམས་འདི་མི་གཅིག་ནས་མི་གཞན་ལ་འགོས་ཁྱབ་འགྲོ་ཡི་ཡོད་པའི་རྒྱུ་མཚན་གྱིས་མི་གཅིག་ལ་ནད་རྟགས་ཡོད་ཚེ་གལ་ཏེ་མི་དེའི་དབར་ཉུང་མཐར་མི་ཊར་༦ རྒྱང་ཐག་འཇོག་ཡོད་ཚེ་མི་དེ་དང་འབྲེལ་ཐག་འཇོག་པའི་རྒྱུ་མཚན་གྱིས་གཉན་སྲིན་དེ་འགོས་ཉེན་ཆུང་བ་ཡོད། དེ་བཞིན་ལག་པ་འཁྲུ་རྒྱུ་དེ་ཡང་ང་ཚོ་ནང་དུ་ཞལ་ལག་མཆོད་སྐབས་དང་དེ་བཞིན་གསང་སྤྱོད་དུ་ཕྱིན་རྗེས། ཡང་ཕྱིར་ཉོ་ཆ་རྒྱག་པ་སོགས་འགྲོ་སྐབས་ཅ་དངོས་གང་བྱུང་ལ་ལག་པ་འཆང་བ་དང་། མི་ཐུགས་ཕྲད། དེ་བཞིན་ལམ་བར་གྱི་སྒོ་སྒེའུ་ཁུང་། སྐེས་འཛེག་སུ་ལག་པ་འཆང་བ་སོགས་ལག་པའི་སྟེང་གཉན་སྲིན་འགོས་ཡོད་ཚེ་དེ་ང་ཚོས་ནང་དུ་འཁྱེར་ཡོང་བ་དང་། ཡང་རང་ཉིད་ཀྱི་ཁ་དང་མི་སྣར་འཆང་ནས་གཉན་སྲིན་དེ་འགོས་ཉེན་ཡོད་པས་ཚང་མས་ལག་པ་དག་རྫས་ཀྱིས་སྐར་ཆ་༢༠ རིང་འཁྲུ་རྒྱུ་འདིས་གཉན་སྲིན་འགོས་ཁྱབ་མ་འགྲོ་བའི་ཕན་ཐོག་ཡོད་ན་ཚང་མས་ནད་ཡམས་ཁྱབ་གདལ་གྱི་འགོག་ཐབས་འདི་གསུམ་ངེས་པར་དུ་བསྟེན་དགོས་པའི་ནན་སྐུལ་ཞུས།
དེ་ནས་ད་ཆ་ནམ་དུས་དགུན་ཁ་སླེབ་བཞིན་ཡོད་པས་དགུན་དུས་སྒོ་སྒེའུ་ཁུང་ཚང་མ་རྒྱག་ནས་བཞུགས་དུས་སློབ་གྲྭ་དང་ལས་ཁུངས་སོགས་མི་མང་པོ་ཚོགས་འཛོམས་གནང་ཡུལ་དུ་ནད་གཞི་འདི་ཁྱབ་གདལ་འགྲོ་ཉེན་ཆེན་པོ་ཡོད་ན་ཁང་པའི་རླུང་འགྲོ་ཡག་པོ་དགོས་པ་གལ་ཆེན་པོ་ཡིན། ཡང་ད་ཆ་མང་ཚོགས་ནང་ཆམས་ཚད་ལྟ་བུའི་ནད་རྟགས་མངོན་སྐབས་ལས་ཀར་བཅར་བ་སོགས་བྱེད་པ་ལས་ལས་ཡུལ་དུ་གཉན་རིམས་འདི་ཁྱབ་གདལ་འགྲོ་ཉེན་ཡོད་ན་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཚ་བ་འཕར་བ། གྲང་ཤུམ་རྒྱག་པ། ལུས་ཀུན་ན་ཟུག་ལྡང་བ། ཁ་ཟས་ལ་དྲོ་བ་མ་ཚོར་བ། ལྟོ་བ་བཤལ་བ། རེ་འགའ་སྐྱུག་པ། མགོ་ན་བ་སོགས་ཡོང་གི་ཡོད་པས་ནད་རྟགས་དེ་དག་མངོན་ཚེ་རང་ཉིད་ངེས་པར་ཟུར་བཀག་ཐོག་བཞུགས་ནས་སྨན་པར་འབྲེལ་གཏུག་གིས་སྨན་བཅོས་བྱེད་དགོས། གལ་ཏེ་ལས་བཅར་ཞུས་པ་དང་མི་གཞན་ལ་འབྲེལ་ཐུགས་གནང་ཚེ་དེས་ནད་ཡམས་ཁྱབ་གདལ་འགྲོ་ངེས་ཡིན་ནས་རང་གཞན་གཉིས་ཕན་ལ་དམིགས་ནས་དགོངས་བཞེས་གནང་རྒྱུ་གལ་ཆེ། དེ་ལྟར་ནད་འགོག་སྲུང་སྐྱོབ་ཀྱི་ཐབས་ལམ་རྣམས་མཐུད་ཤོར་དུ་མ་སོང་བར་མུ་མཐུད་ནས་བསྟེན་རྒྱུ་ཤིན་ཏུ་གལ་ཆེ་བ་དེ་དོན་གལ་པོ་ཆེ་ལ་ནན་ཏན་ཚུལ་དུ་སླར་དྲན་སྐུལ་ཞུས་གནང་།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་ཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་༧༧༤ ༼རང་ཁྱིམ།༥༠༠ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༢༧༤༽ ཙམ་འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་ད་བར་ཁྱོན་བསྡོམས་བོད་མི་གྲངས་༢༢༤༥༢ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་བགོས་འགྲེམས་ཞུས་ཟིན། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་༢༥ ལ་ཁ་པར་ཐོག་འབྲེལ་བ་གནང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་བ་དང་། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་འདས་པའི་བདུན་ཕྲག་ཅིག་ནང་རྒྱ་གར་ནང་གི་ས་གནས་གྲངས་༢༢ ནང་ཁྱོན་མི་གྲངས་༡༣༥༡ ལ་བརྟག་དཔྱད་གནང་ཡོད་པ་དང་། བལ་ཡུལ་ནང་གི་ས་གནས་གྲངས་༥ ནང་ཁྱོན་མི་གྲངས་༢༣ ལ་བརྟག་དཔྱད་གནང་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ལམ་སྟོན་གནང་བ་བཞིན་བོད་མིའི་འདུ་སྡོད་ས་གནས་གཞིས་ཆགས་ཁག་ལ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སྨན་ཁང་གཙོས་མི་མང་འདུ་འཛོམས་ཆེ་སར་དུག་སེལ་གནང་ཡས་དང་དེ་བཞིན་ནད་གཞི་ཕོག་པའི་ས་འཁོར་དུ་དུག་སེལ་གནང་ཡས་མཚོན་ཛ་དྲག་ཚོགས་ཆུང་གི་ཚོགས་འདུ་དུས་ཐོག་བསྐོང་ཚོགས་ཐོག་ལས་དོན་མུ་མཐུད་འགྲོ་བཞིན་པའི་གནས་ཚུལ་ཞུ།
གཉིས་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༤༤ བྱུང་། ཞིབ་ཕྲ་ནི། ལ་དྭགས་ཁུལ་ནས་མི་གྲངས།༤ ལྡི་ལི་ཁུལ་ནས་མི་གྲངས།༥ ལ་ཁན་ཝཱ་ལཱ་གཞིས་ཆགས་ནས་མི་གྲངས།༡ མོན་གྷོ་གཞིས་ཆགས་ནས་མི་གྲངས།༡ རཱ་ཇི་པུར་གཞིས་ཆགས་ནས་མི་གྲངས།༢ བན་དྷཱ་རཱ་གཞིས་ཆགས་ནས་མི་གྲངས།༡ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས།༡ ཀེལ་མན་ཊོན་གཞིས་ཆགས་ནས་མི་གྲངས།༡ དྷེ་ར་དྷུན་ཁུལ་ནས་མི་གྲངས།༡ ཀོ་ལེ་གཱལ་གཞིས་ཆགས་ནས་མི་གྲངས།༢ མེན་པཱཊ་གཞིས་ཆགས་ནས་མི་གྲངས།༡༤ ཨོ་ཌི་ཤ་གཞིས་ཆགས་ནས་མི་གྲངས།༣ བཅས་རྒྱ་གར་ནང་མི་གྲངས་༣༦ བྱུང་ཡོད་པ་དང་བལ་ཡུལ་ཀཐ་མན་ཌུ་ཁུལ་ནས་མི་གྲངས་༤ པོ་ཁ་ར་ཁུལ་ནས་མི་གྲངས་༤ བཅས་ཁྱོན་བསྡོམས་པས་མི་གྲངས་༤༤ བྱུང་བ་ལས་དགུང་ན་མཐོ་ཤོས་དེ་༨༧ དང་ཆུང་ཤོས་དེ་ལོ་༧ ཡིན་པ་རེད། དེའི་ནང་ནས་ནད་རྟགས་ཅུང་མངོན་པ་མི་གྲངས་༢༡ དང་ནད་རྟགས་མེད་པ་མི་གྲངས།༢༣ ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་ལ་དྭགས་ཁུལ་ནས་བུད་མེད་རང་ལོ་༦༧ སོན་པ་གཅིན་སྙིའི་ནད་གཞི་སྡོངས་པའི་ནད་པ་གཅིག་དང་སྦེལ་ཀོབ་གཞིས་ཆགས་ནས་སྐྱེས་པ་རང་ལོ་༣༡ སོན་པ་གཅིག་བཅས་མི་གྲངས་གཉིས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ནད་གཞི་ཕོག་པ་གྲངས་༡༢༧༤ དྲག་སྐྱེད་བྱུང་བ་མི་གྲངས། ༡༠༨༥ འདས་གྲོངས་སོང་བ་མི་གྲངས།༣༡ ད་ལྟ་ནད་མནར་བཞིན་པ་མི་གྲངས།༡༥༨ བཅས་བྱུང་བའི་གནས་ཚུལ་ཞུ། ནད་གཞི་ཕོག་པ་རྣམས་ས་གནས་ཛ་དྲག་ཚོགས་ཆུང་དང་དེ་བཞིན་ཚོགས་པ་གྲ་ཚང་དང་སློབ་དགེ་རྣམས་ཀྱི་ལམ་སྟོན་འོག་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། ནད་གཞི་ཕོག་པ་དང་འབྲེལ་ཐུགས་བྱུང་བའི་མི་རྣམས་ཀྱང་ཉིན་གྲངས་༡༤ རིང་ཟུར་བཀག་ཐོག་བཞུགས་ཡོད་པའི་གནས་ཚུལ་ཞུ།
གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུ་གཙོ་བོ་ད་ཆ་འཛམ་གླིང་ཁྱོན་ཡོངས་ནང་ནད་གཞི་ཕོག་པ་གྲངས་ས་ཡ་༥༩ ལྷག་བརྒལ་ཡོད་པ་དང་། ཨ་རིར་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་སོང་ནས་ད་ཉིན་བར་ས་ཡ་༡༢ ལྷག་བརྒལ་བའི་གནས་སྟངས་དང་། རྒྱ་གར་ནང་དུའང་ད་ཆ་ཉིན་རེར་ནད་གཞི་ཕོག་པའི་གྲངས་ཇེ་མང་དུ་འགྲོ་བཞིན་འདས་པའི་ཆུ་ཚོད་༢༤ ནང་ཁྱོན་ནད་གཞི་ཕོག་པའི་གྲངས་དེ་༤༤༤༨༩ དང་འདས་གྲོངས་སོང་བའི་གྲངས་༥༢༤ ཆགས་ཡོད། གནས་ཚུལ་བཟང་བ་ཞིག་ལ་རྒྱ་གར་ནང་ད་ཆ་ནད་གཞི་ཕོག་པ་ལས་བརྒྱ་ཆ་༩༣ ལྷག་དྲག་བསྐྱེད་འགྲོ་བཞིན་ཡོད་ཀྱང་ཉེན་ཚབས་ཆེ་བའི་མི་ལོ་ན་བགྲེས་པ་དང་བླ་གཉན་གྱི་ནད་གཞི་ཡོད་པ་རྣམས་ནས་དམིགས་བསལ་གཟབ་གཟབ་གནང་རྒྱུ་དེ་གལ་ཆེན་པོ་ཡིན། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ནང་སོ་སོའི་རྒྱལ་ཁབ་དང་སྲིད་གཞུང་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ལམ་སྟོན་དང་ཁྲིམས་སྒྲིག་གཏན་འབེབས་ཀྱིས་དོ་དམ་གནང་བཞིན་ཡོད་པས་རྒྱ་གར་ནང་ཆ་བཞག་ནས་ཁ་ཉིན་ཕྱི་ཚེས་༢༥ ཉིན་དབུས་ནང་སྲིད་ལས་ཁུངས་ནས་ཡོངས་ཁྱབ་གསལ་བསྒྲགས་བཏང་བའི་ནང་གཙོ་བོ་ད་ཆ་རྒྱ་གར་བྱང་ཕྱོགས་སུ་དགུན་དུས་གྲང་ངར་ཆེ་རུ་འགྲོ་བཞིན་པ་དང་། དེ་བཞིན་ཆོས་ཕྱོགས་ཀྱི་དུས་ཆེན་རིམ་པ་སླེབས་བཞིན་ཡོད་ན་མང་ཚོགས་ནང་ནད་གཞི་ཁྱབ་གདལ་ཆེ་རུ་འགྲོ་དང་འགྲོ་བཞིན་གནས་སྟངས་འདིར་མངའ་སྡེ་དང་རྫོང་སོ་སོའི་ཁྱབ་ཁོངས་ནས་ས་གནས་ཀྱི་གནས་སྟངས་ཛ་དྲག་ཆེ་ཆུང་ལ་གཞིགས་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་མཚན་གྱི་འགྲུལ་བཞུད་བཀག་སྡོམ།
དེ་བཞིན་མི་མང་འདུ་འཛོམས་ཀྱི་གྲངས་ཆ་ཉུང་ཕྲི་དང་ཁྲོམ་དང་ལས་ཁུངས་སོགས་ལས་དུས་ལས་བསྐོས་སོགས་ལ་བཀོད་ཁྱབ་གཏོང་དགོས་པའི་གསལ་བསྒྲགས་གནང་བ་ལས་ད་ལྟའི་ཆར་རྒྱ་གར་མངའ་སྡེ་མང་པོའི་ནང་ལྷག་པར་ལྡི་ལི་དང་ཧི་མཱ་ཅལ་སོགས་བྱང་ཕྱོགས་ཁུལ་དུ་ནད་ཡམས་ཁྱབ་གདལ་བཀག་འགོག་གི་དམ་བསྒྲགས་ཆེན་པོ་གནང་ཞིང་ཁ་རས་མ་གྱོན་ཚེ་ཉེས་ཆད་དང་ཕྲལ་སེལ་བཙོན་འཇུག དེ་བཞིན་མཚན་གྱི་ཆུ་ཚོད་༨ ནས་སྔ་དྲོ་ཆུ་ཚོད་༦ པར་སྨན་བཅོས་སོགས་ཛ་དྲག་ལས་དོན་ལས་གཞན་ཕྱིར་འགྲུལ་བཞུད་བཀག་སྡོམ་གནང་བ་སོགས་མངའ་སྡེ་དང་རྫོང་སོ་སོར་བཀོད་ཁྱབ་ནན་པོ་གནང་བ་རྣམས་བོད་མི་སོ་སོའི་གནས་སྡོད་ཀྱི་ཁྲིམས་སྒྲིག་གསལ་བསྒྲགས་རྣམས་མཁྱེན་རྟོགས་ངེས་པར་དགོས་གལ་དང་དེ་དག་ལ་བརྩི་སྲུང་ངེས་པར་གནང་དགོས་པ་ཡིན། བཀོད་ཁྱབ་ཀྱི་ནང་དོན་གཙོ་བོ་དེ་ནད་ཡམས་ཁྱབ་གདལ་བཀག་འགོག་གི་སྤྱོད་པ་ཚུལ་བཞིན་བསྟེན་དགོས་པ་སྟེ་ཁ་རས་གྱོན་རྒྱུ། མིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་སེ་འཁྲུ་བ། ཨཱ་རོ་ག་ཡ་(Aarogya Setu) མཉེན་ཆས་ཕབ་ལེན། ལོ་ན་ ༦༥ ཡན་དང་བྱིས་པ་ལོ་ ༡༠ མན། དེ་བཞིན་སྦྲུམ་མ་དང་བླ་གཉན་ནད་གཞི་ཡོད་པ་རྣམས་སྨན་བཅོས་སོགས་ཛ་དྲག་ལས་དོན་ཡིན་ན་ལས་གཞན་ཕྱིར་འགྲུལ་བཞུད་མ་བྱེད་ཡས་གཙོ་འདོན་གནང་རྒྱུ་སོགས་ཡིན།
དེ་ནས་ད་ཆ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་རྣམས་ལ་འཕྲོད་བསྟེན་ལས་ཁུངས་ནས་སེམས་ཁམས་གནས་སྟངས་དང་དེ་བཞིན་ནད་གཞི་ཕོག་པ་རྣམས་སུ་དུང་སུར་འབྲེལ་གཏུག་བྱུང་བ་རྣམས་རྩད་གཅོད་ཆེད་ཁ་པར་གཏོང་བཞིན་ཡོད་ན་འབྲེལ་ཡོད་ཁ་ཅིག་གིས་འཕྲོད་བསྟེན་ལས་ཁུངས་ནས་ཁ་པར་འབྱོར་གྱི་འདུག་ཀྱང་ཁ་པར་ལེན་གྱི་མེད་ཅེས་གསུངས་པ་བྱུང་འདུག་ན་འཕྲོད་བསྟེན་ལས་ཁུངས་ནས་འབྲེལ་བ་ཞུ་བཞིན་པ་དེ་མི་དོ་བདག་གི་འཕྲོད་བསྟེན་གནས་བབ་རྒྱུད་ལོན་དང་དེར་སློབ་གསོ་ལམ་སྟོན། དེ་བཞིན་ནད་གཞི་ཕོག་པའི་མི་དང་འབྲེལ་གཏུག་བྱུང་བ་རྣམས་གང་མགྱོགས་རྩད་གཅོད་ཐུབ་རྒྱུ་སྟེ་ནད་ཡམས་དེ་སྤྱི་ཚོགས་ནང་ཁྱབ་གདལ་མ་འགྲོ་ཡས་དང་། འབྲེལ་ཡོད་རྣམས་ལ་དཀའ་ངལ་མ་ཕྲད་ཅིང་སྔོན་ཚུད་ནས་ཤེས་རྟོགས་ཀྱིས་འགོག་དབྱེ་ཟུར་འཇོག་དང་གསོ་བཅོས་སོགས་བྱེད་རྒྱུར་དམིགས་ནས་འབྲེལ་བ་ཞུ་བཞིན་ཡོད་ན་འདི་ནས་ཁ་པར་བཏང་བར་ཡ་ལན་དང་ལྷག་པར་རང་ཉིད་ནས་སྤྱི་ཚོགས་འཕྲོད་བསྟེན་གྱི་བདེ་རྩར་འགན་འཁུར་ནས་ཚང་མས་མཉམ་རུབ་དང་རྒྱབ་སྐྱོར་གནང་རོགས་ཅེས་འབོད་སྐུལ་ཞུས། མཐའ་དོན་ད་ཆ་ཨ་རི་ཁུལ་ལ་རྒྱལ་ཡོངས་ཐུགས་རྗེ་ལེགས་གསོལ་གྱི་ཉིན་མོ་སྲུང་རྩི་ཞུ་ལ་ཉེ་བས་ད་ལན་ནད་ཡམས་འདིའི་རྐྱེན་གྱིས་ནང་མི་དང་སྤུན་ཉེ་བུ་ཕྲུག་འདུ་འཛོམས་ལ་འགོག་རྐྱེན་ཕྲད་སྲིད་ཀྱང་སོ་སོའི་ངོས་ནས་བཟང་ཕྱོགས་ཀྱི་བསམ་བློ་གཏོང་གལ་དང་ལྷག་པར་ད་ལོའི་ཐུགས་རྗེ་ལེགས་གསོལ་དེ་ནད་ཡམས་ལ་དངོས་སུ་གདོང་ལེན་མདུན་ཐོན་གནང་མཁན་སྨན་པ་དང་སྨན་ཞབས། འཕྲོད་ལས་པ་དང་དྭང་ཞབས་རྣམས་ལ་ཐུགས་རྗེ་ཆེ་ཞུ་དགོས་པའི་རེ་སྐུལ་དང་འདི་ལྟའི་ཉིན་མོ་སྲུང་རྩིའི་སྐབས་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཐབས་ལམ་དང་ལམ་སྟོན་རྣམས་ངེས་པར་བརྩི་སྲུང་གནང་དགོས་པའི་དྲན་སྐུལ་ཞུས།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་ལམ་སྟོན་གནང་དོན། ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ནང་ནད་གཞི་ཕོག་པའི་བརྒྱ་ཆ་དེ་ཚད་མཐོ་རུ་འགྲོ་བཞིན་འདུག་པས་ཡུལ་མི་བརྒྱ་ལ་བརྟག་དཔྱད་བྱེད་ན་མི་༡༥་་༡༦ ཙམ་ལ་ནད་གཞི་ཕོག་པ་ཐོན་གྱི་འདུག་ན་རྒྱ་གར་མངའ་སྡེ་ཚང་མའི་ནང་ནས་ཧི་མཱ་ཅལ་མངའ་སྡེ་འདི་ད་ཆ་ནད་གཞི་ཕོག་པའི་བརྒྱ་ཆ་མཐོ་ཤོས་ཆགས་ཀྱི་འདུག དམིགས་སུ་བཀར་ན་ད་ལྟ་ཧི་མཱ་ཅལ་མངའ་སྡེའི་ནང་གི་རྫོང་ཁག་བཞི་སྟེ་ཀངྒ་ར། ཀུ་ལུ། སིམ་ལ་དང་མན་ཌི་བཅས་བཞིའི་ནང་ཛ་དྲག་དང་ཉེན་ཁ་ཆེ་བ་ཆགས་འདུག རྩ་བའི་ཡུལ་མི་ནང་ད་ཆ་གཉེན་སྒྲིག་དགའ་སྟོན་དང་ཆོས་ཕྱོགས་དུས་ཆེན་རྐྱེན་འདུ་འཛོམས་མང་དུ་འགྲོ་བཞིན་ཡོད་པས་ང་ཚོར་ཐད་ཀར་འབྲེལ་བ་མེད་པ་ལྟ་བུ་མངོན་ཡང་ང་ཚོ་བོད་མི་མང་པོ་ཅིག་ཟ་ཁང་དང་ཚོང་གཉེར་གནང་བཞིན་ཡུལ་མི་དང་ཐད་ཀར་འབྲེལ་བ་ཆགས་དུས་ང་ཚོའི་ངོས་ནས་དམིགས་བསལ་གཟབ་གཟབ་གནང་གལ་ཆེ་བ་དང་། ཉེ་བའི་ཆར་སྤི་ཏུ་ཁུལ་དུ་གྲོང་གསེབ་ཅིག་ནང་མི་གཅིག་མ་གཏོགས་གཞན་ཚང་མར་ནད་གཞི་ཕོག་པའི་གནས་ཚུལ་དེ་ཚོ་ཡིན་ཀྱང་རྒྱབ་ལྗོངས་ལྟ་དུས་ས་ཁུལ་དེར་དགུན་དུས་གྲང་ངར་ཆེ་བས་ཁང་པའི་རླུང་འགྲོ་ཡག་པོ་མེད་པ་དང་། ལྷག་པར་ས་ཁུལ་དེར་ཡུལ་འཁོར་སྤྲོ་འཆམ་པ་མང་དུ་འགྲོ་བའི་རྒྱུ་མཚན་ཆགས་ཡོད་ན་རྡ་ས་ཁུལ་དུའང་དེ་མཚུངས་ཕྱི་མི་ཡུལ་འཁོར་སྤྲོ་འཆམ་པ་མང་དུ་འགྲོ་བཞིན་པའི་གནས་སྐབས་འདིར་དམིགས་བསལ་དོ་སྣང་དང་གཟབ་གཟབ་གནང་གལ་ཆེ་བ་ཡིན། དེ་ནས་ད་ཆ་ཕྱི་རྒྱལ་ལ་ཡེ་ཤུའི་འཁྲུངས་སྟོན་དང་ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་འབྲེལ་འདུ་འཛོམས་རིགས་མང་དུ་འགྲོ་ངེས་ཡིན་ན་ཚང་མས་གཟབ་གཟབ་གནང་རོགས། འདི་ག་རྡ་ས་ཁུལ་དུ་བོད་མི་ཚོང་ཁང་དང་མགྲོན་ཁང་། ཟ་ཁང་རིགས་གཉེར་མཁན་མང་དག་ཡོད་ན་དེ་ཚོ་ཅི་སྟེ་ངེས་པར་གཉེར་དགོས་ན་སོ་སོའི་ངོས་ན་ནད་འགོག་ཐབས་ལམ་ཏེ་ཚོང་ཁང་ཡིན་ན་ཚོང་ཟོག་ལ་ལག་པ་འཆང་རྗེས་ལག་པ་གཙང་སེལ་གནང་ཡས། དེ་བཞིན་ཟ་ཁང་ཡིན་ན་ཟ་ཁང་ནང་དུ་ཞལ་ལག་འདེག་མི་དགོས་པར་འཁྱེར་འགྲོ་ཡས་དེ་འདྲ་གནང་ཚེ་ཉེན་ཁ་ཆུང་བ་ཡོད།
ད་ལྟའི་ཆར་ཀངྒ་རྫོང་ཁུལ་དུ་ནད་པ་མང་དུ་འགྲོ་ནས་སྨན་ཁང་ནང་ནད་པ་ཉལ་སའི་མལ་ཁྲིའང་ཁེངས་ཡོང་གི་འདུག་ན་ང་ཚོའི་ངོས་ནས་གནང་ཐུབ་ཡས་དེ་ཁ་རས་གྱོན་ཡས། མིའི་དབར་རྒྱང་ཐག་འཇོག་ཡས། འདུ་འཛོམས་སར་འགྲོ་མི་དགོས་པ། ལག་པ་ཡང་སེ་འཁྲུ་བ་སོགས་ནད་འགོག་གམ་སྔོན་འགོག་གི་ཐབས་ལམ་ཡིན་པས་དེ་དག་ངེས་པར་བསྟེན་དགོས་པའི་སྐུལ་མ་གནང་། ད་ཆ་དགུན་ཁའི་དུས་སུ་ཁང་པའི་སྒོ་སྒེའུ་ཁུང་ཚང་མ་རྒྱབ་པ་ལས་ཁང་པའི་རླུང་འགྲོ་ཡག་པོ་མེད་རྐྱེན་ནད་གཞི་འགོས་ཉེན་ཆེ་བ་ཡོད་ན་ཚང་མས་ཁང་པའི་རླུང་འགྲོ་ཡོག་པོ་དགོས་རྒྱུ་དང་། དེ་མིན་ནང་བཞུགས་རྣམས་ཕན་ཚུན་བར་ཐག་འཇོག་ཡས་དང་ཁ་རས་གྱོན་ཡས་སོགས་ནད་འགོག་ཐབས་ལམ་རྣམས་ངེས་པར་བསྟེན་དགོས་པའི་ནན་སྐུལ་ཞུས། མཐའ་དོན་ད་ཆ་རྒྱ་གར་ནང་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་དམ་བསྒྲགས་གནང་བཞིན་ཀངྒ་ར་རྫོང་ཁོངས་ནང་མཚན་གྱི་ཆུ་ཚོད་༨ པ་ནས་སྔ་དྲོ་ཆུ་ཚོད་༦ བར་འགྲོ་འོང་བཀག་སྡོམ་གནང་འདུག དེའང་གཙོ་བོ་ས་གནས་སུ་གཉན་སྒྲིག་དགའ་སྟོན་མང་པོ་བྱེད་བཞིན་པ་དེས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་པ་དེ་བཀག་སྡོམ་ཡོང་རྒྱུ་དེ་རེད་འདུག་ན་ཕྱི་ཟླ་༡༢ ནང་ད་དུང་དམ་བསྒྲགས་འགྲོ་ཉེན་ཆེ་བ་ཡོད་ན་ཚང་མས་ཐུགས་སྣང་གང་གཟབ་གནང་རོགས། མངའ་སྡེའི་གཞུང་ནས་ད་ཆ་ (Him Suraksha Abhiyan) ཞེས་ཏོག་དབྱིབས་གཉན་རིམས་༡༩ གཙོས་ཡུལ་མི་རྣམས་ལ་ཁྲག་ཤེད་དང་གཅིན་སྙི། གློ་གཅོང་དང་མཛེ་ནད་ཀྱི་གྲངས་ཐོ་བསྡུ་རུབ་ལ་དམིགས་པའི་ལས་གཞི་ཞིག་ཟླ་༡༡ ཚེས་༢༥ ནས་ཟླ་༡༢ ཚེས་༢༧ བར་འགྲོ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་སྐོར་གསུངས་གནང་ནས་གསར་འགོད་གསལ་བསྒྲགས་ཐེངས་༣༥ པ་དེ་མཇུག་སྒྲིལ་གནང་། །