ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་སུམ་ཅུ་སོ་གཉིས་པ་དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཡིན།
དང་པོ། འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་མང་ཚོགས་ལ་ལམ་སྟོན་གནང་དོན། ད་ཆ་རྒྱ་གར་ནང་སྒོ་རྒྱ་ལྷོད་གཡེང་བཏང་བར་བརྟེན། མི་མང་པོ་ཡར་མར་འགྲུལ་བཞུད་གནང་བཞིན་ཡོད་པས་གཙོ་བོ་ང་ཚོ་བོད་མིའི་ངོས་ནས་སྣང་མེད་དུ་མ་སོང་བར་ད་དུང་མུ་མཐུད་གཟབ་གཟབ་གནང་གལ་ཆེ་བ་དང་། ནད་ཡམས་འདིའི་རྐྱེན་པས་མི་མང་པོ་འདས་གྲོངས་སུ་འགྲོ་བཞིན་ཡོད་པས་ང་ཚོ་བོད་མིར་མཚོན་ན་མི་འབོར་གྲངས་ཤིན་ཏུ་ཉུང་བས་བོད་མི་གཅིག་གི་ཚེ་སྲོག་ཕྱིན་ཡང་ཤིན་ཏུ་ནས་ཕངས་པོ་རེད། སྤྱིར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་ནས་སྟངས་འཛིན་མུ་མཐུད་གནང་རྒྱུ་དང་། ཡང་སྒོས་མི་སྒེར་སོ་སོ་རང་ཉིད་ནས་འགན་ཁུར་ཐུགས་གཟབ་གནང་གལ་ཤིན་ཏུ་ཆེ་བ་ཡིན།
སྤྱིར་ཏོག་དབྱིབས་གཉན་རིམས་༡༩ འདི་རྒྱ་ནག་ནས་མཆེད་ཡོད་ཀྱང་རྒྱ་ནག་གི་མི་འབོར་ལ་དཔགས་པའི་མི་འདས་གྲོངས་སོང་བའི་གྲངས་ཉུང་ཉུང་ཡིན་པ་དེའི་རྒྱུ་མཚན་དེ་ཆུ་འཁོལ་འཐུང་བ་དང་། ཆུ་ཚ་བོའི་རླངས་པ་བདུག་པ་དང་ཁ་མིད་གཙང་བཤལ་བྱེད་དགོས་པ་སོགས་བཤད་པས་ལེགས་ཆ་དེ་རིགས་ལེན་དགོས། ད་ཆ་ནམ་དུས་འགྱུར་ལྡོག་གི་སྐབས་སུ་ཆམ་པ་ཕོག་རྒྱུའི་ཉེན་ཁ་ཡོད་པས་ཏོག་དབྱིབས་གཉན་རིམས་ ༡༩ དང་ཆམ་རིམས་གཉིས་ཀྱི་ནད་རྟགས་ཕལ་ཆེར་འདྲ་བས་མང་ཚོགས་ནས་ཆམ་རིམས་ལྟ་བུའི་ནད་རྟགས་ལ་སྣང་མེད་དུ་མ་བཞག་པར་དུས་ཐོག་སྨན་པ་བསྟེན་གཏུག་གནང་གལ་ཆེ་བ་དང་། ནད་འབུ་འགོས་ཟིན་པའི་གནས་སྟངས་ཡིན་ཚེ་སྨན་བཅོས་དུས་ཐོག་བསྟེན་རྒྱུ་དང་། རང་ཉིད་དང་འབྲེལ་གཏུག་བྱུང་བའི་མི་རྣམས་སྦས་གསང་མེད་པར་འབྲེལ་ཡོད་ལས་ཁུངས་སུ་གསུང་གལ་ཆེ་བ། འབྲེལ་གཏུག་རྩད་གཅོད་གནང་སྐབས་རང་ཉིད་ཀྱིས་སྦས་གསང་གནང་ཚེ་མི་གང་ཞིག་རང་ཉིད་ལུས་ཁམས་བདེ་ཐང་ཡོད་ཚེ་དམིགས་བསལ་དཀའ་ངལ་མ་འཕྲད་ཀྱང་ལུས་ཟུངས་ཞན་པོ་ཞིག་ལ་ནད་འབུ་དེ་འགོས་ཚེ་ཉེན་ཁ་ཆེན་པོ་ཡིན་པས་ཚང་མས་འབྲེལ་གཏུག་རྩད་གཅོད་གནང་སྐབས་སྦང་གསང་མེད་པའི་ཐོག་རྒྱབ་སྐྱོར་གནང་རོགས་ཅེས་རེ་སྐུལ་ཞུས་གནང་།
གཞན་ཡང་མང་ཚོགས་ནང་དོན་མེད་འགྲུལ་བཞུད་དང་སྐྱེས་སྐར་འདུ་འཛོམས། དེ་བཞིན་ཧེ་ལོ་ཝིན་སོགས་སྲུང་རྩི་བྱས་པ་དེ་འདྲ་ཡོང་གི་འདུག་ན་དེ་རིགས་གནང་དགོས་མེད་ན་མ་གནང་ན་ལེགས། གལ་ཏེ་གནང་ནའང་རྒྱལ་ཁབ་དང་མངའ་རྫོང་གི་སྔོན་འགོག་ལམ་སྟོན་རྣམས་གནང་གལ་ཆེ། ཁ་རས་དང་འབྲེལ་མི་མང་ནས་ཁ་རས་གཙང་མ་གྱོན་དགོས་པ་དང་ཁ་རས་གང་བྱུང་སར་བཞག་ནས་དེ་གྱོན་ཚེ་དེས་ནད་འབུས་འགོས་ཉེན་ཡོད་པས་ཚང་མས་གཟབ་གཟབ་གནང་རྒྱུ་དང་ས་གནས་འཕྲོད་ལས་པ་རྣམས་ནས་དེའི་ཐོག་ལམ་སྟོན་གནང་གལ་ཆེ། ང་ཚོ་བོད་མི་རྣམས་ནས་རྒྱུན་དུ་ཁ་འདོན་དགེ་ཆོས་བྱེད་ཀྱི་ཡོད་ཀྱང་ད་ཆ་ནད་ཡམས་རྐྱེན་པས་དགོན་པ་དང་ལྷ་ཁང་ནང་མི་མང་འཛོམས་ནས་ཞལ་འདོན་གནང་རྒྱུའི་རིགས་གནས་སྐབས་མ་གནང་རོགས། བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ནས་ད་བར་མང་ཚོགས་ལ་ལམ་སྟོན་རིམ་པ་གནང་བ་བཞིན་ས་གནས་ས་ཐོག་ཏུ་ཚོགས་པ་དང་དགོན་སྡེ་གྲྭ་ཚང་། དེ་བཞིན་ས་གནས་འགོ་འཛིན་དང་འབྲེལ་ཡོད་ལས་བྱེད་ཚང་མས་ཐུགས་འགན་ཆེ་བཞེས་ཀྱིས་གདོང་ལེན་མཉམ་རུབ་གནང་བར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ལྟར་མུ་མཐུད་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།
རྒྱ་གར་ནང་སྒོ་རྒྱ་རིམ་པ་ཕྱེ་ནས་མི་རྣམས་འགྲུལ་བཞུད་གནང་སྒོ་ཚུགས་པས་བོད་མིའི་སྒྲིག་འཛུགས་ནས་འགོག་དབྱེ་ཟུར་འཇོག་ཁང་ཆེད་འཛུགས་གནང་ཡོད་པས་ཕྱི་མི་འགྲུལ་བཞུད་གནང་མཁན་རྣམས་ནས་ཟུར་བཀག་ཐོག་ངེས་པར་བཞུགས་དགོས་པ་དང་། ད་ཆ་ཕྱི་ཟླ་ ༡༠ པའི་ནང་བོད་མིའི་གཞིས་ཆགས་ནང་ནད་གཞི་ཕོག་པ་གྲངས་མང་དུ་འགྲོ་བཞིན་སྟབས། སྤྱི་ཚོགས་ཁྱབ་གདལ་གྱི་གནས་སྟངས་ལ་ང་ཚོས་འགྲུལ་བཞུད་བྱེད་དགོས་མེད་ཚེ་འགྲུལ་བཞུད་མ་གནང་རོགས། གལ་ཏེ་གནང་དགོས་བྱུང་ནའང་ངེས་པར་སྔོན་འགོག་ཐབས་ལམ་གང་གཟབ་དང་ས་གནས་སུ་འབྱོར་མཚམས་ངེས་པར་ཟུར་བཀག་ཐོག་བཞུགས་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ཅི་སྟེ་བཞུགས་ཡུན་རིང་ནད་རྟགས་མངོན་པ་འབྱུང་ཚེ་ངེས་པར་ས་གནས་སྨན་པར་འབྲེལ་བ་གནང་རོགས།
མཐའ་དོན་ད་ལན་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་དུས་ཚོད་འདིར་མདུན་ལ་ཕྱག་ལས་གནང་མཁན་སྨན་པ་དང་སྨན་ཞབས་ཀྱིས་གཙོས་དྭངས་བླངས་ཞབས་ཞུ་བ་ཚང་མར་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་བ་དང་། ལྷག་པར་མདུན་ལ་ཕྱག་ལས་གནང་མཁན་ནང་མི་དང་གྲོགས་པོ་གྲོགས་མོ་རྣམས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ། ཁོང་ཚོའི་རྒྱབ་སྐྱོར་དང་རོགས་རམ་གནང་བ་ལས་མདུན་ལ་ཕྱག་ལས་གནང་མཁན་རྣམས་ནས་མི་མང་གི་འཕྲོད་བསྟེན་སླད་ཞབས་འདེགས་གནང་ཐུབ་པ་ཡོང་གི་ཡོད་ན་ངས་ཚང་མར་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས། ༡༠༥༥ ༼རང་ཁྱིམ། ༤༢༦ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས། ༦༢༩ ༽ ཙམ་འགོག་འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པས་ཕྱི་ལོ་ ༢༠༢༠ ཟླ་ ༤ ནས་ད་བར་ཁྱོན་བོད་མི་གྲངས་ ༡༢༨༥༦ ཟུར་བཀག་ཐོག་བཞུགས་ཡོད། བདུན་ཕྲག་འདིའི་ནང་ས་གནས་སུ་ནད་རྟགས་ཡོད་མེད་རྟོགས་ཞིབ་གནང་ཐུབ་མེད་ཀྱང་གངས་སྐྱིད་ཁུལ་གྱི་རྟོགས་ཞིབ་ཚན་པ་ནས་ཁྱོན་མི་གྲངས་ ༡༧༡༠ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་རྟོགས་ཞིབ་གནང་། གསོ་རིག་ལུས་སེམས་ནུས་གསོའི་སྨན་དེ་ད་བར་ཁྱོན་བོད་མི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་དང་། དེ་བཞིན་ཉེན་ཚབས་ཆེ་བའི་མི་གྲངས་བསྡོམས་བོད་མི་གྲངས་༢༡༦༦༨ ལ་བགོ་འགྲེམས་གནང་ཟིན།
སེམས་ཁམས་འཕྲོད་བསྟེན་དང་འབྲེལ་རྩ་བའི་ས་གནས་ས་ཐོག་ཏུ་ཛ་དྲག་ཚོགས་ཆུང་ནས་འཕྲོད་བསྟེན་སྨན་ཁང་དང་བོད་ཀྱི་སྨན་རྩིས་ཁང་གི་སྨན་པས་ནད་གཞི་ཕོག་པ་རྣམས་ལ་གསོལ་སྨན་འབུལ་རྒྱུ་མཚོན་ལམ་སྟོན་གནང་བཞིན་ཡོད་པས་འདས་པའི་བདུན་ཕྲག་ནང་སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་ནད་གཞི་ཕོག་པའི་མི་གྲངས་ ༢༥ ལ་ཐད་ཀར་ཁ་པར་བཏང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་ཡོད་ཅིང་། ད་ཆ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ནད་གཞི་ཕོག་པའི་གྲངས་མང་དུ་འགྲོ་བའི་དུས་འདིར་སེམས་ཁམས་འཕྲོད་བསྟེན་ཆེད་ལས་བརྒྱད་ཡོད་པའི་སྟེང་ཆེད་ལས་གྲངས་ ༦ གསར་དུ་ཆེད་བསྐོས་ཀྱིས་བདུན་ཕྲག་འདིའི་ནང་ཚོགས་འདུ་དང་ཟབ་སྦྱོང་རིགས་གཉིས་གནང་ཡོད། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་ད་བར་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ ནང་ཁྱོན་མི་གྲངས་༡༠༢༤ ལ་བརྟག་དཔྱད་གནང་ཡོད་པ་དང་། ད་བར་བལ་ཡུལ་ནང་ས་གནས་གྲངས་ ༨ ནང་ཁྱོན་མི་གྲངས་ ༢༩༩ ལ་བརྟག་དཔྱད་གནང་ཡོད།
དེ་ནས་འཕྲོད་བསྟེན་གོ་རྟོགས་ཚན་པའི་ངོས་ནས་བདུན་ཕྲག་འདིའི་ནང་ནད་གཞི་ཕོག་པ་དང་། དེ་དག་གི་ནང་མི་རྣམས་ལ་དབྱེ་འབྱེད་བྱེད་བཞིན་པའི་རྣམ་པར་མང་ཚོགས་ནས་དེ་ལྟར་དབྱེ་འབྱེད་མ་གནང་བར་ཚང་མས་མཉམ་རུབ་དང་རྒྱབ་སྐྱོར་གནང་དགོས་ཐོག་བརྙན་ཐུང་འགྲེམས་སྤེལ་ཞུས་པས་ད་བར་ཁྱོན་བརྙན་ཐུང་གྲངས་ ༨ དང་། ཏོག་དབྱིབས་གཉན་རིམས་ ༡༩ གོ་རྟགས་དང་འབྲེལ་བའི་གྱང་སྦྱར་འདྲ་མིན་གྲངས་ ༣༠ ཙམ་འགྲེམས་སྤེལ་ཟིན།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༨༧ བྱུང་། ཞིབ་ཕྲ་ནི། ལ་དྭགས་ཁུལ་ནས་མི་གྲངས། ༢༤ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༡༥ ལྡི་ལི་ཁུལ་ནས་མི་གྲངས། ༤ སྡེ་ར་ལྡུན་ཁུལ་ནས་མི་གྲངས། ༡ མོན་གྷོ་གཞིས་ཆགས་ནས་མི་གྲངས། ༣༤ ཅོན་ཏཱ་རཱ་ཁུལ་ནས་མི་གྲངས། ༣ མེན་པཱཌ་གཞིས་ཆགས་ནས་མི་གྲངས། ༢ རྡ་རམ་སཱ་ལཱ་ནས་མི་གྲངས། ༢ བཅས་རྒྱ་གར་ནང་མི་གྲངས་ ༨༥ བྱུང་ཡོད་པ་དང་། བལ་ཡུལ་ཀཐ་མན་ཌུ་ཁུལ་ནས་མི་གྲངས་ ༢ བཅས་ཁྱོན་མི་གྲངས་ ༨༧ བྱུང་བ་ནང་ནས་སྐྱེས་པ་གྲངས་ ༥༧ དང་བུད་མེད་གྲངས་ ༣༠ དགུང་ན་མཐོ་ཤོས་དེ་ ༩༡ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཡིན་པ་རེད། དེའི་ནང་ནས་ནད་རྟགས་ཅུང་མངོན་པ་མི་གྲངས་ ༥༢ དང་ནད་རྟགས་མེད་པ་མི་གྲངས། ༣༥ ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་ཅོན་ཏཱ་རཱ་ཁུལ་ནས་སྐྱེས་པ་རང་ལོ་ ༥༧ སོན་པ་གཅིག་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ནད་གཞི་ཕོག་པ་གྲངས་ ༡༠༣༡ དྲག་སྐྱེད་བྱུང་བ་མི་གྲངས། ༥༤༤ འདས་གྲོངས་སོང་བ་མི་གྲངས། ༢༣ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༤༦༤ བཅས་བྱུང་བའི་གནས་ཚུལ་ཞུ། ནད་གཞི་ཕོག་པ་རྣམས་ད་ཆ་ཟུར་བཀག་ཐོག་དོ་ནན་པོ་བྱེད་ནས་བཞུགས་ཡོད་པ་ཡིན།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུ་གཙོ་བོ་ད་ཆ་ནམ་དུས་འགྱུར་བ་འགྲོ་བའི་སྐབས་འདིར་མི་མང་པོར་ཆམ་པ་ཕོག་པ་དང་། ཁག་གཅིག་ལ་ཡ་མ་དང་མི་འཕྲོད་པའི་ནད་གཞི། དེ་བཞིན་དགུན་ཁ་གྲང་ངར་ཆེ་བས་དབུགས་གསོག་གི་ནད་གཞི་རིགས་ལྡང་ཉེན་ཡོད་པས་ནད་གཞི་དེ་དག་གི་ནད་རྟགས་མང་ཆེ་བ་ཏོག་དབྱིབས་གཉན་རིམས་ ༡༩ དང་འདྲ་བས་མི་མང་ནས་ཚ་བ་འཕར་བ་དང་། གློ་རྒྱག་པ། མིད་པ་ཚ་འཛེར་བྱེད་པ། མགོ་ན་བ། ཁ་ཟས་ཀྱི་བྲོ་བ་མ་ཚོར་བ་དང་ཟས་ཀྱི་དངས་ག་ཞན་པ། ལུས་ཀུན་ན་ཟུག་ལྡང་བ་དང་། གྲང་ཤུར་རྒྱག་པ། སྣ་ཆུ་འཛག་པ་དང་། ལུས་ཟུངས་ཞན་པོར་གྱུར་བ། འཁྲུ་སྐྱུག་བྱེད་པ་སོགས་ནད་རྟགས་མངོན་ཚེ་ནང་དུ་འདུག་མ་སྡོད་པར་ཕྲལ་མར་སྨན་པ་བསྟེན་གཏུག་གནང་དགོས་གལ་ཆེ།
སྨན་བཅོས་མ་གནང་ནས་བཞུགས་པས་ཛ་དྲག་ཆགས་སྐབས་སྨན་ཁང་ལ་བསྟེན་གཏུག་གནང་སྐབས་ཕྱིས་དྲགས་ནས་སྲོག་ལ་ཉེན་ཁ་ཡོང་སྲིད་པས་ཛ་དྲག་མ་ཆགས་བར་དུ་སྨན་བཅོས་མ་གནང་བར་མ་བཞུགས་པར་ནད་རྟགས་དེ་རིགས་མངོན་པ་དང་ཕྲལ་མར་སྨན་པ་བསྟེན་གཏུག་གིས་སྨན་བཅོས་དུས་ཐོག་བྱེད་གལ་ཆེ་བ་གསལ་ནན་ཞུ་རྒྱུ། འདི་ལྟའི་ནད་རྟགས་མངོན་པའི་མི་རྣམས་ནས་རང་ཉིད་མི་གཞན་དང་ཐག་ཉེའི་འབྲེལ་གཏུག་གནང་རྒྱུ། ལས་བྱེད་ཡིན་ན་ལས་བཅར་ཞུ་རྒྱུ། གཞན་ཡང་གླིང་སྐོར་དང་ཁྲོམ་འདུས་སོགས་མི་མང་འདུ་འཛོམས་སར་མ་ཕེབས་རྒྱུ་གཙོ་འདོན་གནང་རོགས། གལ་ཏེ་རང་ཉིད་ལ་ནད་འབུ་འགོས་ཡོད་ཚེ་མི་གཞན་ལ་འགོས་ཉེན་ཆེན་པོ་ཡོད་པས་ངེས་པར་སྨན་པ་བསྟེན་གཏུག་གནང་བ་ལས་གང་བྱུང་སར་འགྲོ་རྒྱུ་འཛེམས་གནང་དགོས། དེ་བཞིན་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་རྣམས་ངེས་པར་བསྟེན་དགོས་པ་ཡིན།
དོན་ཚན་གཉིས་པ་དེ་འདི་ག་རྡ་ས་ཁུལ་དུ་རླང་འཁོར་ཆུང་ཆུང་ནང་མི་གཉིས་གསུམ་བཞི་མཉམ་སྤྱོད་འགྲུལ་བཞུད་བྱེད་བཞིན་ཡོད་པ་དེ་རིགས་ཕེབས་མ་དགོས་ན་ལེགས། དེས་མི་རྣམས་ཕན་ཚུན་བར་ཐག་ཉེ་བས་གལ་ཏེ་མི་གང་ཞིག་ལ་ནད་འབུ་འགོས་ཡོད་ཚེ་རང་ཉིད་ལ་འགོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་འགྲུལ་བཞུད་དེ་རིགས་ངེས་པར་འཛེམས་ཟོན་གནང་རོགས་ཞུ།
མཐའ་དོན་ད་ཆ་ནད་ཡམས་འདིའི་རྐྱེན་གྱིས་མི་མང་པོ་ཐང་ཆད་པ་དང་ལམ་སྟོན་འདི་རིགས་ལ་སུན་སྣང་སྐྱེ་སྲིད་ཀྱང་རང་ཉིད་དང་སྤྱི་ཚོགས། མི་རིགས་བཅས་ཚང་མའི་བདེ་ཐང་དང་ནད་འགོག་སྲུང་སྐྱོབ་ཆེད་ད་དུང་ནད་འགོག་སྨན་ཁབ་མ་ཐོན་བར་ཟླ་བ་འགས་ཤས་སྡུག་རུས་བརྒྱབ་ནས་མུ་མཐུད་སྔོན་འགོག་གི་ཐབས་ལམ་རྣམས་བསྟེན་རོགས་གནང་ཞེས་ནན་སྐུལ་ཞུ་བ་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲངས་ཐེངས་ ༣༢ དེ་མཇུག་སྒྲིལ་གནང་ཡོད། །