ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༡ དེ་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། འཕྲོད་བསྟེན་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གསུང་དོན། འདི་ལོའི་ཕྱི་ཟླ་དང་པོ་ནས་བཟུང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མི་མང་ལ་ཏོག་དབྱིབས་ནད་ཡམས་འདིའི་སྔོནའགོག་ཐབས་ལམ་སོགས་ལམ་སྟོན་གནང་བ་བཞིན་མང་ཚོགས་ནས་མཉམ་རུབ་ཕྱག་བསྟར་གནང་བས་ད་བར་ནད་ཡམས་འདིའི་རྐྱེན་གྱིས་ཤིན་ཏུ་ཛ་དྲག་པའི་གནས་སྟངས་དེ་འདྲ་བྱུང་མེད། རྒྱ་གར་ནང་ཕྱི་ཟླ་བཅུ་པའི་ནང་ནད་གཞི་ཕོག་པའི་གྲངས་ཀ་ཉུང་དུ་ཕྱིན་ནས་གནས་སྟངས་བཟང་དུ་ཕྱིན་ཡོད་པར་མང་ཚོགས་ནས་ལྷོད་གཡེང་མ་ཤོར་བ་གནང་རོགས། ཉེ་བའི་ཆར་རྒྱ་གར་སྲིད་གྱི་བློན་མཆོག་གིས་ཀྱང་ནད་ཡམས་འདིར་སྔོན་འགོག་སྨན་ཁབ་མ་ཐོན་བར་མང་ཚོགས་ནས་ལྷོད་གཡེང་མ་གནང་ཞེས་ཡོངས་ཁྱབ་བསྒྲགས་གཏམ་གནང་ཡོད་པས་ཚང་མས་ལྷོད་གཡེང་རྩ་ནས་མ་གནང་རོགས་ཞེས་སླར་ཡང་ནན་སྐུལ་ཞུ་རྒྱུ་ཡིན། ནད་ཡམས་འདིའི་སྔོན་འགོག་ཐབས་ལམ་གཙོ་བོ་ཁ་རས་གྱོན་རྒྱུ་དང་། ལག་པ་ཡང་སེ་བཀྲུ་བ། མིའི་དབར་རྒྱང་ཐག་འཇོག་པ་འདི་གསུམ་ནི་ཐབས་ལམ་གཙོ་བོ་རེད། དེ་དག་འཐུས་ཤོར་མ་འགྲོ་བར་བསྟེན་རྒྱུ་ཤིན་ཏུ་གལ་ཆེ།
ད་ཆ་ང་ཚོ་བོད་མིའི་གཞིས་ཆགས་ནང་ནད་གཞི་ཕོག་པ་རིམ་པ་ཐོན་ཡོང་དུས་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཐབས་ལམ་གཙོ་བོ་གསུམ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ T 3 ཞེས་ Testing, Tracking, Treatment སྟེ་བརྟག་དཔྱད། འབྲེལ་གཏུག་རྩད་གཅོད་ཀྱིས་ཟུར་བཀག སྨན་བཅོས་གསུམ་ཆགས་ཀྱི་ཡོད་པ་དེ་ལག་བསྟར་གནང་དགོས་ཀྱི་ཡོད། དེ་ཡང་ཐོག་མར་གཉན་སྲིན་འདི་འགོས་ཡོད་མེད་བརྟག་དཔྱད་གནང་རྒྱུ་དང། བརྟག་དཔྱད་རྗེས་གཉན་སྲིན་འགོས་པ་རྣམས་འཕྲལ་མར་ཟུར་བཀག་གནང་ཞིང་ནད་པ་དེ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རྩད་གཅོད་ཀྱིས་དོགས་གཞི་ཅན་རྣམས་ཟུར་བཀག་ཐོག་སླར་བརྟག་དཔྱད་གནང་རྒྱུ། དེའི་ཐོག་མང་ཚོགས་ནས་སྦས་གསང་མེད་པའི་ཐོག་སོ་སོ་དང་འབྲེལ་བ་བྱུང་བ་རྣམས་དབུས་དང་ས་གནས་ཀྱི་འཕྲོད་བསྟེན་ཚོགས་ཆུང་དང་འབྲེལ་ཡོད་ལས་བྱེད་ལ་ཞུ་གལ་ཆེ། ཇི་ཙམ་སྔ་བ་འབྲེལ་གཏུག་རྩད་གཅོད་བྱུང་བ་དེ་ཚོད་ཀྱིས་མི་དེ་མང་ཚོགས་ནས་འགོག་དབྱེ་ཟུར་བཀག་གནང་ཐུབ་པ་དེས་ནད་ཡམས་ཁྱབ་གདལ་བཀག་འགོག་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད།
དེ་ནས་ནད་གཞི་ཕོག་པ་རྣམས་ལ་སྨན་བཅོས་བྱ་རྒྱུ་དེ་རེད། སྨན་བཅོས་དེ་ཡང་ཇི་ཙམ་སྔ་བ་མི་དེར་གཉན་སྲིན་འགོས་ཡོད་མེད་ཤེས་ཐུབ་པ་དེ་ཚད་ཀྱིས་སྨན་བཅོས་ལའང་མྱུར་ལོས་ཁྱད་པར་ཡོད་པས་གང་སྔ་སྨན་བཅོས་བྱ་ཐུབ་པ་དེས་མིའི་ཚེ་སྲོག་སྐྱོབ་ཐུབ་པ་ཡོད་ན་ཚང་མས་དེ་དོན་ཐུགས་ལ་འཇགས་རོགས་ཞེས་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ད་ལན་སླར་ཡང་ཞུ་བཞིན་ཡོད། ད་ཆ་རྒྱ་གར་ནང་དྲག་བསྐྱེད་འགྲོ་བཞིན་པའི་བརྒྱ་ཆ་དེ་ ༩༠་༦༢ སྟེ་ཚད་མཐོ་པོ་ཡིན་པ་རེད། དེར་མང་ཚོགས་ནས་དྲག་བསྐྱེད་ཀྱི་བརྒྱ་ཆ་ལ་ལྟོས་ནས་ལྷོད་གཡེང་མ་གནང་རོགས། ད་དུང་ཡིན་ནས་ཁ་རས་གྱོན་རྒྱུ་སོགས་མུ་མཐུད་ནས་སྔོན་འགོག་ཐབས་ལམ་རྣམས་བསྟེན་རོགས་ཅེས་ཞུ།
གནད་དོན་གཉིས་པ་དེ་ད་ཆ་སྤྱི་ཚོགས་དྲ་བ་དེ་རེད། སྤྱི་ཚོགས་དྲ་བའི་ནང་གནས་ཚུལ་ཁུངས་ལྡན་ཁུངས་མེད་མང་པོ་ཞིག་འགྲོ་ཡི་ཡོད་པ་རེད། སོ་སོའི་ས་གནས་ཀྱི་གནས་ཚུལ་ཁུངས་ལྡན་ཤེས་རྟོགས་ཆེད་ས་གནས་འགོ་འཛིན་དང་ས་གནས་འཕྲོད་བསྟེན་སྨན་ཁང་འགན་འཛིན་ཡོད་རེད། ཁོང་རྣམས་ལས་དངོས་བདེན་གནས་ཚུལ་རྒྱུས་ལོན་གནང་རྒྱུ་གལ་ཆེ། དེ་ལས་གཞན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ། ཏོག་དབྱིབས་གཉན་རིམས་ ༡༩ ཐོག་དྲ་རྒྱ་ཟུར་དུ་བཟོས་ཡོད་པ་དེར་གཟིགས་རོགས་གནང་། དེ་མིན་སྲང་ལམ་གྱི་གནས་ཚུལ་དེ་ཡར་ལེན་ནས་ཕར་བཏང་རེས་བྱེད་ན་ཡག་པོ་མེད། དེར་བརྟེན་ཁུངས་ལྡན་གྱི་གནས་ཚུལ་ཤེས་རྟོགས་དགོས་ན་ས་གནས་ས་ཐོག་གི་སྨན་ཁང་འགན་འཛིན་དང་ས་གནས་འགོ་འཛིན་ལ་འབྲེལ་བ་གནང་རོགས། ད་ཆ་གནམ་གཤིས་འགྱུར་ནས་དགུན་ཁར་ཕྱོགས་འགྲོ་ཡི་ཡོད་པས་དགུན་དུས་གྲང་ངར་ཆེ་བས་ཆམ་རིམས་དང་དབུགས་གསོག་གི་ནད་གཞི་ལྡང་ངེས་ཆེ་ན་ཚང་མས་དམིགས་བསལ་སྐུ་གཟུགས་ལ་ཐུགས་ཅག་དང་། ལུས་པོ་མ་འཁྱག་པར་དྲོད་པོ་གནང་རྒྱུ་ཧ་ཅང་གལ་ཆེ། དེ་བཞིན་རྒྱ་གར་རྒྱལ་ས་ལྡི་ལི་ལྟ་བུ་ཡིན་ན་དགུན་དུས་མཁའ་རླུང་འབག་གཙོག་རྐྱེན་གྱིས་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་གཏོང་བཞིན་ཡོད་ན་ཚང་མས་གཟབ་གཟབ་གནང་རོགས།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་ ༡༠༧༡ ༼རང་ཁྱིམ། ༦༠༧ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༤༦༤ དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༧༤ མོན་གྷོ་གཞིས་ཆགས་སུ་མི་གྲངས་ ༤༡༢ སྦེལ་ཀོབ་གཞིས་ཆགས་སུ་མི་གྲངས་༢༦༧ དང་ལ་དྭགས་སུ་མི་གྲངས་༣༠༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། བདུན་ཕྲག་འདིའི་ནང་ས་གནས་སུ་ནད་རྟགས་ཡོད་མེད་རྟོགས་ཞིབ་གནང་ཐུབ་མེད་ཀྱང་གངས་སྐྱིད་ཁུལ་གྱི་རྟོགས་ཞིབ་ཚན་པ་ནས་ཁྱོན་མི་གྲངས་ ༡༦༧༡ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་རྟོགས་ཞིབ་གནང་།
སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༩༥ ལ་ཁ་པར་བཏང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་ད་བར་རྒྱ་གར་ནང་ས་གནས་གྲངས་ ༣༡ ནང་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་སྨན་ཁང་གི་འགན་འཁུར་འོག་མི་གྲངས་ ༡༣༠༨༤ བརྟག་དཔྱད་གནང་ཟིན་ཡོད།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༡༦༠ བྱུང་། ཞིབ་ཕྲ་ནི། ལ་དྭགས་ཁུལ་ནས་མི་གྲངས། ༩ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༣༥ བདེ་སྐྱིད་གླིང་ནས་མི་གྲངས། ༡ མོན་གྷོ་གཞིས་ཆགས་ནས་མི་གྲངས། ༩༦ མེའོ་གཞིས་ཆགས་ནས་མི་གྲངས། ༣ མེན་པཱཌ་གཞིས་ཆགས་ནས་མི་གྲངས། ༥ རྡ་ས་ནས་མི་གྲངས། ༡ ཨོ་རི་ས་གཞིས་ཆགས་ནས་མི་གྲངས། ༤ ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནས་གྲངས། ༢ ཀོ་ལེ་གལ་གཞིས་ཆགས་ནས་མི་གྲངས། ༡ བཅས་རྒྱ་གར་ནང་མི་གྲངས་ ༡༥༨ བྱུང་ཡོད་པ་དང་། བལ་ཡུལ་ཀཐ་མན་ཌུ་ཁུལ་ནས་མི་གྲངས་ ༢ བཅས་ཁྱོན་མི་གྲངས་ ༡༦༠ བྱུང་བ་ནང་ནས་སྐྱེས་པ་གྲངས་ ༡༤༧ དང་བུད་མེད་གྲངས་ ༡༣ དགུང་ན་མཐོ་ཤོས་དེ་ ༨༥ དང་ཆུང་ཤོས་དེ་བྱིས་པ་ལོ་ ༨ ཡིན་པ་རེད། དེའི་ནང་ནས་ནད་རྟགས་ཅུང་ཡོད་པ་མི་གྲངས་ ༡༠༨ དང་ནད་རྟགས་མེད་པ་མི་གྲངས། ༥༢ ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་མོན་གྷོ་གཞིས་ཆགས་ནས་སྐྱེས་པ་རང་ལོ་ ༨༤ སོན་པ་གཅིག་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ནད་གཞི་ཕོག་པ་གྲངས་ ༩༤༣ དྲག་སྐྱེད་བྱུང་བ་མི་གྲངས། ༤༩༡ འདས་གྲོངས་སོང་བ་མི་གྲངས། ༢༢ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༤༣༠ བཅས་བྱུང་ཡོད།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།
ད་ཆ་བོད་མིའི་གཞིས་ཆགས་ནང་ནད་གཞི་ཕོག་པའི་གྲངས་ཇེ་མང་འགྲོ་བཞིན་པས་ས་གནས་མང་ཚོགས་ནས་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་དགོས་པའི་དྲན་སྐུལ་ཞུ་བ་དང་སྦྲགས་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་སྔོན་འགོག་གི་ཐབས་ལམ་རྣམས་དོན་ཚན་ལྔའི་ཐོག་མདོར་བསྡུས་ནས་ཞུ་རྒྱུར། དང་པོ་ཟས་སྐོམ་བསྟེན་ཚུལ་ལས་སྤང་བྱའི་ཟས་སྐོམ་ནི། ཁ་ཟས་གང་ཡང་མ་ཚོས་པའམ་རྗེན་པ་དང་གྲང་ངད། རོ་མངར་ཤས་ཆེ་བའི་ཟས་སྐོམ། ཇ་གར་པོ། འཁྱག་ཆུ། འོ་མ་གྲང་མོ་དང་ཞོ་སྐྱུར་མོ། ཆང་རག བདག་མེད་སྲོག་ཆགས་ཀྱི་ཤ་རིགས་བཅས་ངེས་པར་སྤང་དགོས་ཅིང་བསྟེན་བྱའི་ཟས་སྐོམ་ནི། ཆུ་སྐོལ། སྦྲང་རྩི། བཅའ་སྒ། ཡུང་བ། སྒོག་སྐྱ། ཟས་ཀྱི་ནང་ཟི་ར་དང་འུ་སུ་བཏབ་པ། གྲོ་དང་ནས་འབྲུ་ལས་བཟོས་པའི་རྩམ་པ་དང་ཐུག་པ། སྐྱོ་མ། དེ་བཞིན་གྲོ་ཐུག་དང་འབྲས་ཐུག་སླ་བོ། སྔོ་ཚལ་རིགས་རྣམས་ཆུ་བཙོས་སམ་རླངས་བཙོས་རྒྱབ་ནས་བསྟེན་པ། ཤ་ཁུ་དང་རུས་ཐང་ནང་སྒོག་སྐྱ་པི་ལིང་འུ་སུ་བཏབ་ནས་འཐུང་བ། ཤིང་ཏོག་ལས་ཚ་ལུ་མ་དང་ཀུ་ཤུ། སེ་འབྲུ་དང་རྒུན་འབྲུམ་བཅས་དུས་སྨིན་ཤིང་ཏོག་གི་རིགས་བསྟེན་དགོས།
དེ་ནས་སྒོ་གསུམ་སྤྱོད་ལམ་གྱི་སྒོ་ནས་སྔོན་འགོག་ཐབས་ལམ་དུ། དང་པོ་སྤྱོད་པ་སྤང་བར་བྱ་བ་ནི། སྲོག་གཅོད་སོགས་མི་དགེ་བའི་ལས། ཐབ་གཞོབ། དོན་མེད་ཕྱིར་འགྲུལ་བཞུད་བྱེད་པ། མི་མང་འདུ་འཛོམས་ཆེ་སར་འགྲོ་བསྐྱོད། ཐལ་རྡུལ་དང་དུད་ངན་རྫས་རླངས་ཡོད་སར་འགྲོ་འདུག་བྱེད་པ། གྲང་གློག་དང་རླུང་འཁོར་ཤུགས་ཆེ་བཏང་ནས་ཉལ་འདུག་བྱེད་པ། མུན་ཁང་དང་རླུང་འགྲོ་བཀག་པའི་ཁང་ཁྱིམ་ནང་སྡོད་པ། ཉིན་དགུང་གཉིད་ཉལ་བ། སྣབས་ལུད་གང་བྱུང་དུ་དོར་བ། དོན་མེད་སེམས་ཞུམ་པ་དང་། འཇིགས་སྣང་དངངས་སྐྲག་བྱེད་པ་རྣམས་སྤང་དགོས་པ་ཡིན། བསྟེན་བྱའི་སྤྱོད་ལམ་ནི། རང་ཁྱིམ་དུ་སྡོད་པ། དབེན་ས་བསྟེན་པ། མི་རྔུལ་ཙམ་བཅག་པ། དུས་ཐོག་ཏུ་ཟ་བ་དང་ཉལ་བ། ཁ་རས་གྱོན་རྒྱུ་དང་ལག་པ་ཡང་ཡང་བཀྲུ་བ། མི་དང་མིའི་དབར་ཉུང་མཐར་མི་ཊར་ ༡་་༢ བར་རྒྱང་ཐག་འཇོག་པ། ལུས་སེམས་ཞི་བདེ་བག་ཕེབས་ངང་གནས་པ། རླུང་སྦྱོང་དང་ལུས་སྦྱོང་བྱེད་པ། རྣམ་དཀར་དགེ་བའི་ལས་སྒྲུབ་པ། ཞི་གནས་སྒོམ་པ་བཅས།
དེ་ནས་གསུམ་པ་སྔགས་དང་སྲུང་འཁོར་བཅང་བའི་སྒོ་ནས་སྔོན་འགོག་ཐབས་ལམ་ནི། ལྷ་སོ་སོའི་རྣལ་འབྱོར་དང་འབྲེལ་བའི་གཟུངས་སྔགས་ཏེ། སྨན་བླ། སྒྲོལ་མ། རྟ་མགྲིན། འཕགས་པ་སྤྱན་རས་གཟིགས། གུ་རུ། ལྷ་མོ་ལོ་གྱོན་མ། ཆམ་འགོག་གཟུངས་སྔགས་བཅས་གང་མང་གསོག་འདོན་བྱེད་པ་དང་། སྲུང་འཁོར་དུ། ཕག་རྒོད་སྲུང་འཁོར། ནག་པོ་དགུ་སྦྱོར། རྒྱུད་ཀྱི་རིམས་སྲུང་རྡོ་རྗེ་ཕ་ལམ་བཅས་གང་རུང་ལུས་ལ་བཅང་དགོས་པ་ཡིན། བཞི་པ་བདུག་པ་དང་བྱུག་རྫས་བསྟེན་པའི་སྒོ་ནས་སྔོན་འགོག་ཐབས་ལམ་དུ། སྨན་བསང་དང་གྲིབ་བསང་སྟེང་གུ་གུལ་དང་མཁན་ནག་བསྣན་པའི་བདུག་པ། བྱུག་རྫས་སུ་སྨན་རྩིས་ཁང་ནས་གསར་འདོན་གནང་བའི་ནད་འགོག་བདུད་རྩི་ཐིག་པ་སྣ་སྒོར་བྱུག་པ་དང་། རིམས་སྲུང་རྡོ་རྗེ་ཕ་ལམ་དང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམས་སྲུང་རིལ་བུ་རྣམས་སྐེར་འདོག་པའམ་སྣར་བདུག་པ། ལུས་ཀྱི་བུ་ག་འམ་ཤ་པགས་ལ་བྱུག་པ་བཅས་ཡིན། དེ་ནས་ཁོང་སྨན་བསྟེན་པའི་སྒོ་ནས་སྔོན་འགོག་ཐབས་ལམ་ནི་རྒྱུན་དུ་ལུས་ཟུངས་གསོ་བྱེད་ཁྲག་སྨན་རིགས། ཆམ་རིམས་སྔོན་འགོག་སྨན་དང་། དེ་བཞིན་རླུང་སྨན་བཅས་སོ་སོའི་སྨན་པར་བཀའ་བསྡུར་ཞུས་རྗེས་བསྟེན་གལ་ཆེ་བ་ཡིན་པའི་ལམ་སྟོན་ཞུ།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་ད་ཆ་ནམ་དུས་འགྱུར་ནས་སྟོན་ཁ་སླེབས་པས་ནམ་དུས་འདིར་ཆམ་རིམས་ཕོག་རྒྱུ་དེ་རྒྱུན་ལྡན་ཆགས་ཀྱི་ཡོད། མང་ཚོགས་ནས་རྒྱུན་དུ་ཁ་རས་གྱོན་རྒྱུ་དང་། ལག་པ་གཙང་མ་བཀྲུ་བ། མིའི་དབར་རྒྱང་ཐག་འཇོག་པ་དང་། མི་ཚོགས་འདུ་འཛོམས་སར་མ་འགྲོ་རྒྱུ་དེ་ཚོས་ཆམ་རིམས་སོགས་མང་པོར་སྔོན་འགོག་ཐུབ་ཀྱི་ཡོད་ཚད་འདུག ཉེ་ཆར་ཐེ་ཝན་ནང་ཉམས་ཞིབ་ཅིག་བྱེད་པའི་ནང་རྒྱལ་ཁབ་ནང་སྔོན་འགོག་ཐབས་ལམ་བསྟེན་པ་ལས་ཏོག་དབྱིབས་ནད་གཞི་ཕོག་མཁན་གྲངས་ཉུང་དུ་འགྲོ་བ་མ་ཟད་རྒྱུན་དུ་གློ་ཚད་དང་ཆམ་རིམས་ཕོག་པའི་གྲངས་ཀ་འདི་ཚོའང་ད་ལོ་ཉུང་དུ་འགྲོ་ཡོད་པ་ཐོན་གྱི་འདུག དེར་བརྟེན་མང་ཚོགས་ནས་ཁ་རས་གྱོན་པ་ཡིན་ན་ཏོག་དབྱིབས་གཉན་རིམས་ ༡༩ ཙམ་མིན་པ་རྒྱུན་དུ་ཆམ་རིམས་དང་། གློ་གཅོང་ཊི་བིའི་ནད་གཞི་སོགས་མཆིལ་མའི་རྡུལ་ཕྲན་བརྒྱུད་ནད་གཞི་འགོས་མཁན་གྲངས་ཉུང་དུ་འགྲོ་ཡི་ཡོད་ན། ནད་གཞི་མང་པོ་སྔོན་འགོག་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་གསུངས།
ད་ཆ་རྒྱ་གར་ནང་དུ་ཉམས་ཞིབ་བྱེད་པའི་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པའི་ནད་པ་གང་ཞིག་ལོ་ན་ ༦༠ བརྒལ་བ་འདས་གྲོངས་སོང་བའི་བརྒྱ་ཆ་ ༥༣ ཐོན་པས་ལོ་ན་ ༦༠ མན་དེ་བརྒྱ་ཆ་ ༤༣ ཆགས་ཀྱི་ཡོད། དེ་སྔོན་ནས་ཞུས་པ་བཞིན་ང་ཚོས་ལོ་ན་ ༦༠ ཡན་ཡིན་པ་རྣམས་ནས་དམིགས་བསལ་ནད་ཡམས་འདིར་གཟབ་གཟབ་གནང་རྒྱུ་དང་། དེ་བཞིན་ལོ་ན་གཞོན་པ་ཡང་བརྒྱ་ཆ་ ༤༧ ཟེར་དུས་ཚད་གང་མཚམས་མཐོ་པོ་ཡིན་པས་ཚང་མས་གཟབ་གཟབ་དང་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་གནང་རྒྱུ་ཤིན་ཏུ་གལ་ཆེ། རྒྱ་གར་ནང་ད་ཆ་ཟླ་ ༩ ཚེས་ ༡༧ ནས་བཟུང་ནད་གཞི་འདི་ཕོག་པའི་གྲངས་ཉུང་དུ་འགྲོ་འདུག འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་དང་བྱང་ཕྱོགས་ཨུ་ཏར་ཁཎ་ཌ་ནང་ནད་གཞི་ཕོག་པའི་གྲངས་ཉུང་དུ་ཕྱིན་འདུག འོན་ཀྱང་ཧི་མཱ་ཅལ་ནང་ནད་པ་གྲངས་ཅུང་འཕར་འདུག་པས་སྤྱི་ཡོངས་ནས་རྒྱ་གར་ནང་གནས་སྟངས་བཟང་དུ་ཕྱིན་པ་གཏམ་བཟང་ཅིག་རེད། འོན་ཀྱང་ཡུ་རོབ་དང་ཀོ་རི་ཡ་ནང་དུ་བལྟས་ན་ནད་པ་གྲངས་ཉུང་དུ་འགྲོ་རྗེས་སླར་ལྷོད་གཡེངས་བཏང་ནས་འགྲུལ་བཞུད་དང་ཟ་ཁང་དང་ཚོང་ཁང་མགྲོན་ཁང་སོགས་སླར་སྒོ་ཕྱེ་བ་དང་ཡུལ་འཁོར་སྤྲོ་འཆམ་པ་མང་དུ་འགྲོ་བ་ལས་ནད་པ་མང་དུ་ཕྱིན་ཡོད་པས་ང་ཚོས་སྔོན་འགོག་ཐབས་ལམ་ཐོག་འཐུད་མ་ཤོར་བར་འབད་བརྩོན་གནང་རོགས།
དེ་ནས་ཏོག་དབྱིབས་གཉན་རིམས་༡༩ བརྟག་དཔྱད་བྱས་པ་ལས་ནད་རྟགས་ཅིའང་མེད་པར་ནད་གཞི་ཕོག་པའི་གྲུབ་འབྲས་ཐོན་ཡོང་དུས་མང་པོ་གཅིག་གིས་ཡིེད་མ་ཆེས་པ་ལྟ་བུ་གནང་གི་ཡོད་ཚོད་འདུག་ན་ནད་རྟགས་མེད་པ་རྣམས་ནས་བརྟན་ཆའི་ཚུལ་དུ་ཁ་རས་གྱོན་ཡས། མི་དང་ངོ་ཐུག་འབྲེལ་བ་མ་གནང་བར་ཟུར་བཀག་ནན་པོ་བཞུགས་དགོས་རྒྱུ་གལ་ཆེ། ཐུགས་རྗེ་ཆེ། ཚང་མ་ལ་ཐུགས་ཅག་གནང་དགོས་ཞུས་པ་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲངས་ཐེངས་༣༡ པ་དེ་མཇུག་སྒྲིལ་གནང་ཡོད། །