ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ ནས་ ༡༡ བར་བོད་བརྒྱུད་ནང་བསྟན་དང་ཚན་རིག་གི་ཚོགས་འདུ་ཞིག་དྲྭ་ཐོག་བརྒྱུད་ཚོགས་ཡོད་པ་དང་། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་སྐབས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཨ་རུ་སུ་དང་སོག་པོ་སོགས་ཀྱི་དབར་ཆོས་ཕྱོགས་ཀྱི་འབྲེལ་བའི་སྐོར་དང་། སྤྱིི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་ཏུ་ནང་པ་སངས་རྒྱས་པའི་ཆོས་མི་ཉམས་རྒྱུན་འཛིན་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ། དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་དང་བོད་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ལྷག་པར་ནང་ཆོས་དང་ཚན་རིག་དབར་འབྲེལ་བ་དམ་ཟབ་གཏོང་རྒྱུའི་སྐོར་སོགས་བོད་པའི་སྤྱི་ཚོགས་ཀྱི་འགན་འཁྲིའི་སྐོར་ལ་གྲོས་བསྡུར་གནང་ཡོད།
དེ་སྐབས་མཉམ་ཞུགས་པ་རྣམས་ཀྱིས་ཉམས་ཞིབ་གནང་བའི་ནང་པའི་སྒོམ་སྒྲུབ་ཉམས་ལེན་གྱི་ནུས་པའི་གྲུབ་འབྲས་ལ་དཔྱད་ཞིབ་དང་། ལྷག་པར་ཐུག་དམ་སྐོར་ལ་ཉམས་ཞིབ་གནང་ཡོད།
དྲ་ཐོག་གི་ཚོགས་འདུ་དེའི་ནང་ཨུ་རུ་སའི་ཚན་རིག་མཁས་པ་དང་། དབང་རྩའི་སྨན་པ། གཙུག་ལག་སློབ་ཁང་གི་ཤེས་ལྡན་མི་སྣ། སྐྱེ་དངོས་ཚན་རིག་པ། སེམས་ཁམས་ཚན་རིག་པ། སློབ་དཔོན་ཆེན་མོ། ཚན་རིག་སློབ་སྦྱོང་བྱེད་མཁན་གྲྭ་བ་སོགས་མཉམ་ཞུགས་གནང་ཡོད།
ཨུ་རུ་སུའི་ཚན་རིག་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། དེ་བཞིན་ནང་པའི་གྲྭ་པ་དང་ལྷན་མཉམ་ལས་བྱས་ཏེ་ནང་སེམས་དང་ཕྱི་དངོས་པའི་དབར་འབྲེལ་ལམ་འཚོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། ལྷག་པར་དབང་རྩའི་ཚན་རིག་དང་། དངོས་ཁམས་རིགས་པ། སྨན་སོགས་ཀྱི་དྲི་བ་མང་པོ་ཞིག་ལ་ལན་འཚོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ད་ལན་ཉིན་གཉིས་རིང་བོད་བརྒྱུད་ནང་བསྟན་དང་ཚན་རིག་གི་ཚོགས་འདུ་དེ་ཨུ་རུ་སུའི་སློབ་གཉེར་ཁང་ (Institute of Oriental studies of the Russian Academy) དང་བོད་སྐྱོབ་དགེ་རྩ་ཚོགས་པ་གཉིས་ནས་གོ་སྒྲིག་ཞུས་ཡོད། །