ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ (UN Committee on the Elimination of Racial Discrimination) རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བརྒྱུད་ལམ་ཚབ་ཏུ་རྒྱ་ཡིག་སློབ་ཁྲིད་བརྒྱུད་ལམ་བཞག་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རང་དབང་ཐོབ་ཐང་རྩོད་ལེན་པ་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་ཐུགས་འཚབ་དང་གླེང་སློང་ཤུགས་ཆེ་གནང་འདུག
དེ་ཡང་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༨ ནང་རྒྱ་ནག་དང་འབྲེལ་བའི་ལོ་རེའི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་ཚོགས་ཏེ་རྒྱ་ནག་གཞུང་ལ་ལོ་གཅིག་ནང་ཚུད་ལག་བསྟར་གྱི་སྙན་ཐོ་ (follow-up report) འབུལ་དགོས་པའི་ལམ་སྟོན་གནང་ཡོད་པ་དང་། རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ནས་ ༧ བར་དྲ་རྒྱ་བརྒྱུད་ཚོགས་ཐུན་ཐེངས་ ༡༠༡ དེ་ཚོགས་ཡོད། སྐབས་དེར་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་རྒྱ་ནག་གཞུང་གིས་ལག་བསྟར་སྙན་ཐོ་ཕུལ་བ་དེར་དགོངས་བཞེས་གནང་ཡོད།
རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་རྒྱ་ནག་གཞུང་ལ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མཚམས་འཇོག་དགོས་པའི་ལམ་སྟོན་གནང་ཡོད་ཀྱང་རྒྱ་ནག་གཞུང་གིས་ཇི་བཞིན་ལག་བསྟར་བྱས་མེད་པ་མ་ཟད། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་འཇིགས་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ (Society for Threatened Peoples) བརྒྱུད་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་ལ་སྙན་ཐོ་རྒྱས་པ་ཞིག་ཕུལ་ཡོད།
རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་ཕུལ་བའི་སྙན་ཐོ་ལ་བསྐྱར་ཞིབ་གནང་སྐབས་རྒྱ་ནག་གཞུང་གིས་མུ་མཐུད་བོད་ཀྱི་ས་ཁུལ་ཁག་གི་ནང་སྐད་ཡིག་ཟུང་ལྡན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་ཐོག་དམ་བསྒྲགས་དང་། དེ་བཞིན་གྲངས་ཉུང་མི་རིགས་ཁག་ལ་མཐོང་མཆན་སྤྲོད་ཕྱོགས་སོགས་རྒྱ་རིགས་དང་གཅིག་པ་ལག་བསྟར་བྱེད་ཀྱི་མེད་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད།
རྒྱ་ནག་གཞུང་གིས་རིམ་པས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་རྩ་གཏོར་དང་། དེ་བཞིན་བོད་ཀྱི་སྐད་ཡིག་རང་དབང་ཐོབ་ཐང་རྩོད་ལེན་པ་ཚོར་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ། མཐོང་མཆན་སྤྲོད་ཕྱོགས་སོགས་རྒྱ་རིགས་དང་གཅིག་པ་ལག་བསྟར་བྱེད་ཀྱི་མེད་པའི་སྐོར་ལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་གཏོར་ཚོགས་ཆུང་གིས་ཐུགས་འཚབ་གནང་བར། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཐུགས་རྗེ་ཆེ་ཞུས་ཡོད།།