ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༣ བར་དང་། དེ་བཞིན་ཕྱི་ཚེས་ ༡༧ ཉིན་བཅས་ཉིན་གྲངས་ལྔའི་རིང་དྲ་རྒྱ་བརྒྱུད་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་དང་འབྲེལ་བའི་ཟབ་ཁྲིད་པའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་བྱ་སྤྱོད་རིགས་དང་། དེ་འབྲེལ་གནད་དོན་ཁག་གི་ཐོག་འཛེམས་ཟོན་མེད་པར་བགྲོ་གླེང་ཡོང་ཐུབ་པའི་ཆེད་ཡིན་འདུག ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་གྱི་ས་ཕྱོགས་གང་ས་ནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། སློབ་ཕྲུག སྤྱི་ཚོགས་ནང་གི་བུད་མེད་སྣེ་ཁྲིད་པ་སོགས་ཁྱོན་བུད་མེད་གྲངས་ ༢༥ མཉམ་ཞུགས་གནང་འདུག
བུད་མེད་དེ་དག་ལ་ཕོ་མོ་དབྱེ་འབྱེད་ཀྱི་ངོ་བོ་དང་། འཚེ་བའི་བྱ་སྤྱོད་དང་རྩུབ་སྤྱོད་རིགས་ངོ་སྤྲོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་ཁྲོད་རྩུབ་སྤྱོད་རིགས་འགོག་ཆེད་ལམ་སྟོན་བཀོད་ཁྱབ་ཇི་ཡོད་སོགས་ངོ་སྤྲོད་དང་འབྲེལ་འབྱུང་འགྱུར་གནད་དོན་འདིའི་ཐད་ཟབ་སྦྱོང་གནང་ལུགས་གནང་སྟངས་སྐོར་ལམ་སྟོན་བཅས་གནང་འདུག
ཕྱོགས་མཚུངས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་དང་ཟུང་སྦྲེལ་ཐོག་རང་རེའི་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་བྱ་སྤྱོད་འགོག་ཐབས་སུ་གོ་རྟོགས་རྒྱ་གང་ཆེ་སྤེལ་རྒྱུས་མཚོན་དཀའ་ངལ་དེ་རིགས་སེལ་ཐབས་གནང་བཞིན་པ་རེད་འདུག །