ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ ཉིན་དྲ་རྒྱ་བརྒྱུད་དབུ་འཛུགས་གནང་ཡོད།
དེ་ཡང་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། འདི་ལོའི་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་བརྗོད་གཞི་རྒྱ་ནག་གིས་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་བྱུས་དང་། དེའི་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ (China’s Policy on Freedom of Religion: Global Impact ) ཞེས་པའི་སྐོར་ངོ་སྤྲོད་གནང་།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོང་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་བར་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན་ཞེས་པའི་དཔེ་དེབ་ཅེག་སྐད་ཡིག་ཏུ་ཕབ་བསྒྱུར་གནང་བ་དེ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། མང་གཙོ་དང་ཕྱི་གསལ་ནང་གསལ་གྱི་གལ་གནད་དང་རྒྱ་ནག་གཞུང་གིས་མང་གཙོའི་རིན་ཐང་ལ་བརྩི་བཀུར་མ་ཞུས་པ་དང་། ཕྱི་གསལ་ནང་གསལ་མ་བྱས་པའི་རྐྱེན་གྱིས་ད་ཆ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། ཅེས་དང་།
རྒྱ་ནག་གི་བྱེད་ལས་ལ་བརྟེན་ནས་ད་ཆ་རྒྱ་ནག་ནི་བོད་མི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལའང་ཉེན་ཁ་ཆགས་ཡོད་པ་དང་། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་བརྒྱུད་འཛམ་གླིང་གི་སྒྲིག་འཛུགས་མ་ལག་ཡོངས་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་བཤད་ལའང་བསྒྱུར་བཅོས་གཏོང་ཐབས་བྱེད་བཞིན་ཡོད། འཛམ་གླིང་གི་གཞུང་མང་པོས་བོད་ནང་གི་དབུལ་ཕོངས་ངལ་སེལ་ལས་གཞིའི་གནད་དོན་མ་རྟོགས་པར་རྒྱ་ནག་གིས་བོད་ནང་དབུལ་ཕོངས་ངལ་སེལ་ལས་གཞི་སྤེལ་བཞིན་པར་བསྔགས་བརྗོད་གནང་བཞིན་ཡོད། དོན་དངོས་སུ་རྒྱ་ནག་གཞུང་གིས་དབུལ་ཕོངས་ངལ་སེལ་ལས་གཞིར་ཁ་གཡར་ནས་བཙན་དབང་གིས་བོད་མི་རྣམས་ངལ་རྩོལ་བྱེད་འཇུག་གི་ཡོད།
ལྷག་པར་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའི་ཡིག་ཆ་ཨང་ལྔ་པ་ཟེར་བའི་ནང་རྒྱ་ནག་ཆོས་དོན་ལྷན་ཁང་གིས་ཁས་ལེན་དང་དེབ་སྐྱེལ་བྱས་རྗེས་བླ་སྤྲུལ་ངོས་འཛིན་བྱེད་དགོས་པ་བཀོད་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་རོ་མན་ཁེ་ཐོ་ལིག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཆེན་པོབ་ཀྱི་གདན་ས་ (Vatican) དང་ལྷན་གན་ཡིག་བཞག་སྟེ་རྒྱ་ནག་གཞུང་ལ་རྒྱ་ནག་ནང་ཡི་ཤུའི་མཆོད་དཔོན་ (Bishop) བསྐོ་གཞག་བྱ་རྒྱུའི་བདག་དབང་ཐོབ་ཐང་སྤྲད་ཡོད། རྒྱ་ནག་གིས་བོད་ནང་གི་ཆོས་དད་རང་དབང་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་རྒྱལ་ཁབ་ཁག་གིས་ཞིབ་འཇུག་མཐིན་ཕྱིན་པ་བྱེད་དགོས། ཞེས་སོགས་གསུངས།
སུད་སིའི་ལྗང་ཁུ་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་རེ་གུ་ལ་ (Regula Rytz) མཆོག་གིས། བོད་ཀྱི་གནད་དོན་ནི་སུད་སིའི་ཆབ་སྲིད་ཚོགས་པ་ཡོངས་ལ་གལ་ཆེན་པོ་ཆགས་ཡོད་པ་དང་། སུད་སི་ཡིས་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་ལུགས་ལ་རྒྱབ་སྐྱོར་ཞུ་གི་ཡོད། ཅེས་དང་། སུད་སིའི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་གསལ་པོ་མཁྱེན་གྱི་ཡོད། ཅེས་སོགས་གསུངས།
ཨི་ཊ་ལིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊི་རམ་པི་ (Robert Rampi) མཆོག་གིས། རང་ཉིད་གཞོན་སྐྱེས་ཡིན་པའི་སྐབས་ནས་བོད་ཀྱི་གནད་དོན་ལ་སེམས་ཐག་ཉེ་པོ་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཡོངས་ལ་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད། ཅེས་དང་། དེང་སང་ང་ཚོས་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་མང་པོ་རྗོད་ཀྱི་ཡོད། བོད་ཀྱི་རིག་གཞུང་ནང་འགྲོ་བ་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྐོར་གསུངས་ཡོད་པ་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་པས། ང་ཚོས་དེ་དག་གི་སྐོར་སློབ་སྦྱོང་བྱེད་དགོས། བོད་ཀྱི་བདེན་མཐའ་མགྱོགས་མྱུར་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་འཛུགས་མཁན་གྱི་ཚོགས་མི་དང་། ད་ལྟ་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་སྐུ་ཞབས་ཧྥ་རན་ཊི་སེག་ཀོ་པི་རི་ཝ་ (Frantisek Kopriva) མཆོག་གིས། རྒྱ་རིགས་ཡི་ཤུ་དང་། ཡུ་གུར། བོད་མི་ཙམ་མིན་པར་འཛམ་གླིང་མི་མང་ལ་མང་གཙོ་དགོས་མཁོ་ཡོད་པ་ཆགས་ཡོད། རྒྱ་ནག་གི་ཤུགས་རྐྱེན་ཡུ་རོབ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་ཐེབས་བཞིན་ཡོད། ཅེས་དང་།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཝ་སི་ལབ་ཧ་ཝེལ་ (Vaclav Havel) མཆོག་གི་དགོངས་པ་ལྟར། བོད་དོན་སླད་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ་མ་ཟད། མ་འོངས་པ་ཡིན་ནའང་མུ་མཐུད་རྒྱབ་སྐྱོར་དང་། བོད་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་དབར་གྱི་འབྲེལ་ལམ་གོང་འཕེལ་གཏོང་ངེས་ཡིན། ཞེས་གསུངས།
ཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་བ་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་བགྲོ་གླེང་སྟེང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །