ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས་ཉིན་ལྡི་ལི་བོད་ཁང་ནས་དྲ་རྒྱ་བརྒྱུད་བོད་དོན་རྒྱབ་སྐྱོར་བ་རྒན་གྲས་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ། ཤེས་ལྡན་མི་སྣ་གྲགས་ཅན། དེ་བཞིན་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན་ Padma Vibhushan བཞེས་མྱོང་མཁན་ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་ Kapila Vatsyayan མཆོག་རྗེས་དྲན་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། དྲ་ཐོག་གི་ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཤཱམ་ས་རན་ Shyam Saran ལགས། རྒྱ་གར་གྱི་གཞུང་ཞབས་ཟུར་པ་ PP Shrivastav ལགས། རྒྱ་གར་གྱི་རིག་གཞུང་ལྷན་ཁང་གི་ཟུང་འབྲེལ་དྲུང་ཆེ་ཨ་མི་ཏ་པྲ་སཏ་སར་བྷ་ཡི་ Smt Amita Prasad Sarbhai ལགས། ལྦ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས། རྒྱ་གར་གྱི་རིག་གཞུང་འབྲེལ་མཐུད་ལྷན་ཚོགས་ཀྱི་ངེས་སྟོན་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཀུན་ཕན་དགེ་རྩ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ར་ཇིབ་མེ་རོ་ཏི་ར་ Rajiv Mehrotra ལགས། ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་གི་གཅུང་པོ་སུ་བྷཤ་མ་ལིག་ Subhash Malik ལགས། ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སོགས་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་ནི། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་ཡིན་པ་མ་ཟད། སྙིང་སྟོབས་ཅན་གྱི་བོད་དོན་རྒྱབ་སྐྱོར་བ་རྙིང་ཤོས་གྲས་ཤིག་ཀྱང་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་དམ་པ་ཁོང་དང་མཇལ་འཕྲད་མཛད་པའི་སྐབས་ཐུགས་མཉེས་པོའི་ངང་ནས་ཨ་མ་ལགས་ཞེས་འབོད་གནང་གི་ཡོད། ཅེས་དང་། ཆབ་སྲིད་ཀྱི་ཐད་ནས་བཤད་ནའང་དམ་པ་ཁོང་ནི་བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཡིན་པ་ཡོངས་གྲགས་ཆགས་ཡོད།
ཕྱི་ལོ་ ༡༩༥༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་རྗེས་དྲན་དུས་ཆེན་གྱི་སྐུ་མགྲོན་གཙོ་བོར་གདན་ཞུའི་མགྲོན་བརྡ་ཕུལ་བ་ལྟར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད། དེ་ནས་བཟུང་དམ་པ་ཁོང་གིས་ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་བོད་ཁང་སོགས་གསར་འཛུགས་སྐབས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། བོད་དོན་ཞུ་གཏུག་སོགས་ཀྱི་ལས་འགུལ་ལའང་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད། བོད་ཀྱི་གྲོགས་པོ་དམ་པ་ཁོང་ལྟ་བུའི་མཛད་རྗེས་ལ་བརྟེན་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་དང་། ལྷག་པར་རྒྱ་གར་ནང་གསོན་པོར་གནས་ཡོད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྐུ་འཚོ་བཞུགས་རིང་དམ་པ་ཁོང་གིས་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བའི་བཀའ་དྲིན་དེ། བོད་མི་ཚོས་སྙིང་ལ་བཅངས་པའི་ཐོག་དུས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད། ཅེས་སོགས་གསུངས།
ཕྱོགས་མཚུངས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་དོན། ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་རྗེས་དྲན་ཚོགས་འདུའི་སྟེང་མཉམ་ཞུགས་ཀྱི་གོ་སྐབས་ཐེངས་གཉིས་ཙམ་བྱུང་བས་ཧ་ཅང་སྐལ་བ་བཟང་པོ་བྱུང་། རང་ཉིད་ནས་ནམ་རྒྱུན་དམ་པ་ཁོང་ལ་གདེང་འཇོག་ཧ་ཅང་ཆེན་པོ་ཞུ་ཡི་ཡོད་པ་མ་ཟད། དམ་པ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་ནང་པའི་རིག་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་རྗེས་སུ་ཡི་རང་ཞུ་གི་ཡོད། ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་མཆོག་གིས་བོད་དོན་དང་བོད་ཀྱི་རིག་གཞུང་མི་ཉམས་ཡུན་གནས་ཡོང་ཐབས་སུ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་གཞིས་བྱེས་བོད་མི་ཚོས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །