ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་གིས་སྣེ་འཁྲིད་པའི་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པར་ (National Democratic Alliance) བྷི་ཧར་མངའ་སྡེའི་འོས་བསྡུའི་རྒྱལ་ཁའི་ཐོབ་པ་དང་། སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་སླར་ཡང་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་གནང་འདུག
འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ནི་བོད་ཀྱི་གནས་སྟངས་ཐོག་དོ་སྣང་དང་གོ་རྟོགས་ལེགས་པོ་ཡོད་མཁན་ཞིག་རེད། འདས་པའི་ལོ་ངོ་དྲུག་ཅུའི་རིང་རྒྱ་གར་ནི་ང་ཚོའི་ཁྱིམ་ཚང་ལྟ་བུ་ཡིན་པ་དང་། ད་བར་རྒྱ་གར་གཞུང་མང་གཉིས་ནས་ང་ཚོར་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། སྐུ་ཉིད་ནས་རྒྱ་གར་གྱི་སྙན་གྲགས་ཅན་གྱི་དབུ་འཁྲིད་སྐུ་ཞབས་དམ་པ་རམ་མ་ནོ་ཧར་ལོ་ཧིཡ་ (Shri. Dr. Ram Manohar Lohia) མཆོག་དང་། སྐུ་ཞབས་དམ་པ་ཇཱཡཱ་པྲ་ཀཱཤ་ན་ར་ཡན་ (Shri.Jai Prakash Narayan) མཆོག སྐུ་ཞབས་དམ་པ་ཇོར་ཇི་ཧྥར་ན་ཌི་སི་ (Shri George Fernandes) མཆོག་བཅས་ཀྱི་དགོངས་གཞི་ལྟར། བོད་མི་དང་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྐུ་ཉིད་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། མགོན་པོ་གང་ཉིད་མཆོག་དང་ལྷན་ཐེངས་མང་མཇལ་འཕྲད་གནང་ཡོད། སྐུ་ཉིད་ནས་སྤྱི་ཁྱབ་བློན་ཆེན་གནང་བའི་ལས་ཡུན་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེའི་ནང་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། ༧གོང་ས་མཆོག་གིས་མངའ་སྡེའི་ནང་དཔལ་དུས་འཁོར་དབང་ཆེན་དང་གསུང་ཆོས་བཀའ་དྲིན་སྩོལ་སྐབས་དད་ལྡན་བོད་རིགས་གཙོ་བོར་གྱུར་བའི་ཆོས་ཞུ་བ་དང་གནས་སྐོར་བ་ཡོངས་ལ་སྣེ་ལེན་འཐུས་གཙང་ཞུས་གནང་ཡོད། དེ་བཞིན་ཁྱེད་ཀྱིས་མངའ་སྡེའི་ནང་དགོན་སྡེ་གསར་འཛུགས་གནང་རྒྱུའི་ཐོག་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁྱེད་ཀྱིས་སྣེ་འཁྲིད་པའི་མངའ་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེའི་ནང་ཕེབས་སྐབས་སྣེ་ལེན་ཞུ་རྒྱུ་ཙམ་མིན་པར། མགོན་པོ་གང་ཉིད་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐོག་དགོས་མཁོ་གཞིར་བཟུང་མཐུན་འགྱུར་གནང་གི་ཡོད། བྱས་ཙང་ང་ཚོས་སྐུ་ཉིད་ཀྱི་སྣེ་འཁྲིད་པའི་མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་མུ་མཐུད་དེ་ལྟར་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་གི་ཡོད།
ངས་སླར་ཡང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་ཀྱིས་སྣེ་འཁྲིད་པའི་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པར་བྷི་ཧར་མངའ་སྡེའི་འོས་བསྡུའི་རྒྱལ་ཁའི་ཐོབ་པར་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ནས་མངའ་སྡེའི་མི་མང་གི་མངོན་འདོད་མཐའ་དག་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
དེ་བཞིན་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ལྷན་སྐུ་ཉིད་མཇལ་འཕྲད་གནང་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །