ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༡ ཉིན་ཐེ་ཝན་རིག་གཞུང་ལྷན་ཁང་གིས་གཙོ་གཉེར་ཐོག་བོད་སོག་རིག་གཞུང་བཤམས་སྟོན་ཁང་ནང་ཉིན་གྲངས་གཉིས་རིང་ཐེ་ཝན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཆེད་ཉིན་གྲངས་གཉིས་རིང་༼རིག་གཞུང་གཞོན་སྐྱེས་དང་བླངས་ཟབ་སྦྱོང་༽ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་རེད། ཉིན་གྲངས་གཉིས་ཀྱི་ཟབ་སྦྱོང་ནང་བོད་དང་སོག་པོ་མི་རིགས་ཀྱི་རིག་གཞུང་ངོ་སྤྲོད་བརྒྱུད་འབྱུང་འགྱུར་ཐེ་ཝན་གཞོན་སྐྱེས་ཚོས་དང་བླངས་ཀྱི་ལས་དོན་ཐོག་ཞུགས་ཐུབ་རྒྱུར་སྐུལ་མ་གནང་བ་ཞིག་ཡིན་པ་རེད།
ཕྱི་ཚེས་ ༣༡ ཕྱི་དྲོའི་ཟབ་སྦྱོང་ཐོག་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་གདན་ཞུ་གནང་དོན་ལྟར་སློབ་ཕྲུག་རྣམས་ལ་བོད་ཕྱི་ནང་དང་། བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས། སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།
གཞན་ཡང་། ཚེས་ ༣༡ དགོང་དྲོ་ཆུ་ཚོད་ ༨ ནས་འགོ་འཛུགས་ཐོག་ཐེ་ཝན་ཡི་ཤུ་ཆོས་ཚོགས་ནས་གོ་སྒྲིག་གནང་བའི་༼བརྩེ་བ་ལ་རྒྱལ་མཚམས་མེད། མི་མང་ནས་སྨོན་ལམ་འདེབས།༽ཞེས་རྒྱ་ནག་གཞུང་གིས་ཐེ་ཝན་དང་། ཧོང་ཀོང་། བོད། ཤར་ཏུར་ཀི་སི་ཐན་ནང་སྡུག་སྦྱོང་གཏོང་བཞིན་ཡོད་པ་དེ་དག་ལས་གྲོལ་ཆེད་དཀོན་མཆོག་ལ་གསོལ་བ་སྨོན་ལམ་འདེབས་པའི་མཚན་འཛོམས་གོ་སྒྲིག་གནང་བའི་ཐོག དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ནང་དགོན་སྡེ་དང་། ཤེས་ཡོན་ཐོག་རྒྱ་གཞུང་གིས་སྤེལ་བའི་བྱ་སྤྱོད་ངོ་སྤྲོད་གནང་རྗེས། ཡི་ཤུ་ཆོས་དཔོན་ལིིའི་ལགས་ཀྱིས་བོད་མིའི་དཀའ་སྡུག་རྣམས་དཀོན་མཆོག་ལ་གདུང་འབོད་དང་། དཀའ་སྡུག་ལས་མྱུར་དུ་གྲོལ་བའི་སྨོན་ལམ་གྱི་ཆོ་ག་འདོན་གནང་མཛད། མཇུག་ཏུ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བའི་ལས་འགུལ་སྤེལ་བའི་སྐབས། ཐེ་ཝན་ཡི་ཤུ་ཆོས་ཚོགས་དང་ཆོས་ཚོགས་ཁག་གི་ཆོས་དཔོན་ཚོས་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུས། །