༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ ནས་ ༡༣ བར་གྱི་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་བསྒྲགས་གཏམ།
དེ་ཡང་ང་ཚོ། ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་བརྗོད་གཞི་རྒྱ་ནག་གི་ཆོས་དད་རང་དབང་གི་སྲིད་བྱུས་དང་དེའི་རྒྱལ་སྤྱི་ལ་ཤུགས་རྐྱེན་ (China’s Policy on Freedom of Religion: Global Impact) ཞེས་པའི་ཐོག་མཉམ་ཞུགས་གནང་མཁན་ཁྱད་མཁས་པ་དང་། གསུང་བཤད་གནང་མཁན། མཉམ་ཞུགས་གནང་མཁན་བཅས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ (Universal Declaration of Human Rights) ནང་འཁོད་པའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་རྒྱ་ནག་ནང་གི་ནང་པ་དང་། ཁ་ཆེ། ཡི་ཤུ། ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་དང་། དེ་བཞིན་ཆོས་ལུགས་རྗེས་འབྲང་བ་གཞན་ཁག་གཅིག་གི་ཐོག་སྡུག་སྦྱོང་མནར་སྤྱོད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་སེམས་འཚབ་ཧ་ཅང་བྱེད་བཞིན་ཡོད། ལྷག་པར་རྒྱ་ནག་འགོ་ཁྲིད་ཚོས་ཆོས་ལུགས་རྗེས་འབྲང་བ་ཚོའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་ལངས་ཕྱོགས་སུ་བསྒྱུར་ཐབས་དང་། རིམ་པས་ཁོང་ཚོའི་རིག་གཞུང་གི་རྩ་བ་དང་ངོ་བོ་བཅས་པ་མཉམ་བསྲེས་བྱེད་བཞིན་པར་ཧ་ཅང་སེམས་འཚབ་བྱེད་བཞིན་ཡོད།
རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་བཟོ་ལྷན་ཚོགས་དང་འབྲེལ་ཡོད་དཔོན་རིགས་ཁག་ནས་སྲིད་བྱུས་དང་སྒྲིག་གཞི་ཁག་གཏན་འབེབས་དང་ལག་བསྟར་བྱས་ཏེ་ཆོས་ལུགས་ཁག་གི་འགོ་ཁྲིད་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། དེས་གཞི་རྩའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད། ང་ཚོའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་གི་ཁྱད་མཁས་པ་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། རྒྱལ་ཁབ་ཁག་གི་གཞུང་ཨ་རི་ལྟ་བུ་དང་། དེ་བཞིན་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་སོགས་ཀྱིས་བོད་མི་དང་། ཡུ་གུར། སོག་པོ། ཡི་ཤུ། ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་བཅས་ཀྱི་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་བ་དང་། ལྷག་པར་རྒྱ་ནག་གཞུང་གིས་ཆོས་ལུགས་རྗེས་འབྲང་བ་ཚོའི་ཐོབ་ཐང་དང་ཁོང་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཐག་གཅོད་ལ་བརྩི་སྲུང་དང་། དཔེར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐག་གཅོད་ལ་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ (United Nations Human Rights Council) ལྟ་བུ་ཡིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་མཐོར་གཏོང་བཞིན་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་བཅས་ལ་རྒྱ་ནག་གཞུང་གིས་སྣང་ཆུང་ཆེན་པོ་བྱེད་བཞིན་པར་ང་ཚོས་ཧ་ཅང་སེམས་འཚབ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་འཆར་གཞི་ལྡན་པའི་སྒོ་ནས་ཆོས་ལུགས་རྗེས་འབྲང་བ་ཚོའི་ཐོག་དྲག་གནོན་དང་བཙོན་འཇུག དེ་བཞིན་ཁོང་ཚོ་རྒྱ་ནག་ཅན་ལ་བསྒྱུར་ཐབས་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་ཡོངས་དང་། ལྷག་པར་ཆོས་དད་རང་དབང་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཐག་གཅོད་ཐོབ་ཐང་ལ་བརྩི་སྲུང་དང་ཁག་ཐེག་བྱེད་དགོས་པའི་འབོད་སྐུ་བྱེད་རྒྱུ་ཡིན།
འཛམ་གླིང་རྒྱལ་ཁབ་གཞུང་ཁག་གིས་མཉམ་འབྲེལ་ཐོག་རྒྱ་ནག་གཞུང་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འོག་ལ་ཡོད་པའི་ཆོས་དད་རང་དབང་དང་། ཆོས་ལུགས་རྗེས་འབྲང་བ་ཚོ་ལ་སྲུང་སྐྱོབ་བྱེད་དགོས་པའི་ཡོངས་ཁྱབ་ཏུ་འབོད་སྐུལ་གནང་དགོས་པ་དང་། རྒྱ་ནག་གཞུང་གིས་ཆོས་ལུགས་རྗེས་འབྲང་བ་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་ཐག་གཅོད་དང་། དཔེར་ན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཐག་གཅོད་ལ་ཐེ་བྱུས་བྱ་མི་ཆོག་པའི་འབོད་སྐུལ་གནང་དགོས།
རྒྱལ་སྤྱིའི་ཚོགས་སྡེ་དང་། གཞུང་། སྤྱི་དམངས་ཚོགས་སྡེ་སོགས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ནང་འཁོད་པ་ལྟར་ཆོས་དད་རང་དབང་ལ་བརྩི་སྲུང་དང་། བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་དགོས། དཔེར་ན་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་གི་རང་དབང་གི་ཁྱད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ་ལག་བསྟར་བྱེད་ཕྱོགས་སྐོར་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་བ་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་རྒྱ་ནག་དང་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དམིགས་བསལ་ལྟ་ཞིབ་ཚོགས་ཆུང་བསྐོ་བཞག་གནང་དགོས།།