ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ རེས་གའཟ་ཕུར་བུ།
༄༅ ། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ ཉིན་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་བརྗོད་གཞི་གཉིས་པ་རྒྱ་ནག་ནང་མི་མང་གི་ཆོས་དད་ཐོག་དྲག་གནོན་ (Religious Persecution: Crackdown on People of faith in China) ཞེས་པའི་སྐོར་དྲ་རྒྱ་བརྒྱུད་ཚོགས་ཡོད།
དེ་ཡང་ཐོག་མར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པའི་བརྗོད་གཞི་གཉིས་པ་དབུ་འབྱེད་ཀྱིས་གསུང་དོན། རྒྱ་ནག་དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་ཁག་གཅིག་གིས་རྒྱ་ནག་དབང་སྒྱུར་བྱས་ཏེ་མི་མང་གི་རང་དབང་དང་། ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ལ་བརྩི་བཀུར་ཞུ་ཡི་མེད་པ་མ་ཟད། ཆོས་ནི་དུག་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༧༠ རིང་བོད་ནང་གི་ཆོས་དད་རང་དབང་ཐོག་དྲག་གནོན་བྱས་ཀྱང་བོད་མི་ནང་པ་ཚོའི་ཆོས་དད་ཀྱི་འདུ་ཤེས་ནམ་ཡང་ཉམས་རྒུད་དུ་ཕྱིན་མེད། ཅེས་སོགས་གསུངས།
དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས། ལོ་ངོ་ ༧༠ གོང་སྟེ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་མ་བྱས་པའི་སྔོན་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དམག་མི་རྣམས་ལ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་ཕོག་ཐུག་གཏོང་མི་ཆོག་པའི་ལམ་སྟོན་བྱས་པར་བརྟེན་བོད་ནང་གི་བོད་མི་ཚོ་སེམས་འགུལ་ཐེབས་ཡོད་པ་དང་། ཕྱོགས་མཚུངས་བཙན་དབང་འོག་བཞག་པའི་ཆིངས་ཡིག་དོན་ཚན་ ༡༧ ནང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད། འོན་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པའི་རྗེས་དང་། ལྷག་པར་ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གང་སར་སོ་ལྟའི་པར་ཆས་བཙུགས་ཏེ་བོད་མིའི་འགྲོ་འདུག་རང་དབང་དང་ནང་ཆོས་ཐོག་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པ་སོགས་ཀྱི་སྐོར་གསུངས།
གཞན་ཡང་སི་ཊོག་ཧོོམ་མཐོ་སློབ་ཁང་ (Stockholm University) གི་ཉམས་ཞིབ་པ་ནི་ཇ་ཊི་ (Nijat Turghun) ལགས་ཀྱིས། རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ནང་ཆོས་དད་རང་དབང་ཐོག་སྤེལ་དང་སྤེལ་བཞིན་པའི་སྲིད་བྱུས་སྐོར་གསུངས། ཨེ་ཤི་ཡའི་ (AsiaNews) གསར་ཁང་གི་ངེས་སྟོན་པ་བྷར་ནར་ཌོ་ (Bernardo Cervellera) ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་སྐབས་ནས་བཟུང་ད་བར་རྒྱ་ནག་ནང་གི་ཡི་ཤུ་གྲང་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་བྱས་དང་བྱེད་བཞིན་པའི་གནད་དོན་སོགས་ཀྱི་སྐོར་གསུངས།
ཆོས་འཁོར་སྒོམ་སྒྲུབ་ (Falun Gong) ཉམས་ལེན་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ནི་ཁོ་བྷི་ཇི་ནན་སི་ (Nico Bijnens) ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་ཚོའི་ཐོག་དྲག་གནོན་བྱས་དང་བྱེད་བཞིན་པའི་སྐོར་དང་། དེ་བཞིན་ཁེ་ན་ཌའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ཌེ་ཝི་ཌི་མ་ཊ་སི་ (David Matas) ལགས་དང་རྒྱ་རིགས་ཁྲིམས་རྩོད་པ་གའོ་ཀྲི་ཧྲིན་ (Gao Zhisheng) སོགས་ཀྱིས་ཞིབ་འཇུག་གི་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་བཙན་དབང་གིས་ཆོས་འཁོར་སྒོམ་སྒྲུབ་ཉམས་ལེན་པ་རྣམས་ཀྱིས་གཙོས་བོད་མི་དང་ཡུ་གུར་བཙོན་པ་ཚོའི་ནང་ཁྲོལ་ཞལ་འདེབས་རྒྱག་འཇུག་གི་ཡོད་པའི་སྐོར་འཁོད་ཡོད་པ་ལུང་འདྲེན་གནང་སྟེ་གསུངས།།