ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ ནས་ ༡༣ བར་དྲ་རྒྱ་བརྒྱུད་འཚོགས་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཇི་ནི་ཝའི་གླེང་སྟེགས་ཐེངས་གསུམ་པ་དབུ་འབྱེད་ཀྱིས་གསུང་བཤད་གནང་གཏན་འཁེལ་ཡོད།
དེ་ཡང་འགྲོ་བ་མིའི་ཐོབ་ཐང་ཐོག་ཆེད་མཁས་པ་དང་། གཞུང་འབྲེལ་མི་སྣ། གྲོས་ཚོགས་འཐུས་མི། ཚོགས་པ་ཁག་གི་འགོ་ཁྲིད་སོགས་ནས་རྒྱ་ནག་གིས་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་བྱུས་དང་། དེའི་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ (China’s Policy on Freedom of Religion: Global Impact.) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་པའི་ཡང་སྲིད་འཚོལ་ཞིབ་ལམ་ལུགས་ལ་ཐེ་བྱུས་དང་། དེ་བཞིན་བོད་པའི་ནང་པ་དང་། ཡུ་གར་བ། ཡི་ཤུ། ཆོས་འཁོར་སྒོམ་སྒྲུབ་ (Falun Gong )དང་རྒྱ་རིགས་ཡེ་ཤུའི་ཆོས་པ་བཅས་ལ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་པ་སོགས་ཀྱི་སྐོར་བགྲོ་གླེང་གནང་གཏན་འཁེལ་ཡོད།
ཐེངས་འདིའི་ཇི་ནི་ཝའི་གླེང་སྟེགས་དེ་བཞིན་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པ་ནས་ཇི་ནི་ཝ་ནང་གི་ཉིན་རྒྱབ་ཆུ་ཚོད་༢།༣༠ ནས་ ༤ བར་དང་། རྒྱ་གར་ནང་གི་དགོང་དྲོ་ཆུ་ཚོད་ ༧ ནས་ ༨།༣༠ བར། ཨ་རིའི་ནིའུ་ཡོག་ནང་གི་སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ ༡༠ བར་ཐད་གཏོང་གནང་རྒྱུ་ཡིན་པ་བཅས།།