ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །བོད་རྔ་བ་རྫོང་དཀར་ཤུལ་སྡེ་བ་ནས་ཡིན་པའི་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་
ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ ཉིན་རྔ་བ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ད་ཆ་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལོ་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ཕྱིན་འདུག
སྐབས་དེར་ཁོང་དང་ལྷན་དུ་གྲྭ་པ་གཞན་གཉིས་ཀྱང་འཛིན་བཟུང་བྱས་འདུག ཉིན་ཤས་རྗེས་གྲྭ་པ་གཞན་གཉིས་གློད་བཀྲོལ་བཏང་ཡོད། འོན་ཀྱང་རིན་ཆེན་ཚུལ་ཁྲིམས་ལགས་ཉེན་རྟོག་པས་བོད་དོན་ཆབ་སྲིད་ལ་འབྲེལ་བ་ཡོད་པར་བསྙད་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གང་དུ་ཡོད་མེད་ཤེས་རྟོགས་མི་འདུག དེ་མ་ཟད་ཁོང་གི་ནང་མི་སྤྲུན་མཆེད་ཀྱིས་ཁོང་བཙོན་ཁང་གང་དུ་ཡོད་མེད་དང་གཟུགས་པོའི་གནས་སྟངས་སོགས་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད།
དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༣ ཉིན་གྲྭ་ཚུལ་ཁྲིམས་ལགས་ཀྱི་ནང་མིར་བརྡ་ཐོ་ཞིག་འབྱོར་འདུག དེའི་ཐོག་རྒྱ་ནག་གཞུང་གི་ཁྲིམས་སྲོལ་ཨང་ ༡༢༤ དེ་འགལ་ནས་རྒྱལ་ཁབ་ཁ་བྲལ་བྱས་པའི་ཉེས་དམིགས་ཡིན་པས་བརྡ་ཙམ་ལས། ཤི་གསོན་དང་ས་གནས་གང་ཞིག་ལ་འཛིན་བཟུང་བྱེད་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ད་དུང་ཤེས་རྟོགས་བྱུང་མི་འདུག ནང་མིས་འབྲེལ་ཡོད་ཉེས་རྟོག་པར་ཁོང་གང་དུ་ཡོད་མེད་དྲིས་པར་ལན་ཁ་གསལ་མེད་པའི་ཐོག་ནས་ལན་འདེབས་བྱེད་བཞིན་ཡོད་པར་བརྟེན་ད་ལྟ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་ཕ་མ་དང་ནང་མི་སྤུན་མཆེད་རྣམས་ཀྱིས་ཁོང་བདེ་ཐང་སོགས་ཀྱི་ཐད་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད།
སྤྱིར་རྒྱ་ནག་གཞུང་གིས་བཙོན་ཁང་ནང་དྲག་གནོན་དང་གདུག་རྩུབ་མནར་གཅོད་ཇེ་ཆེར་བྱེད་ཀྱི་ཡོད་པར་བརྟེན་བཙོན་པ་མང་དག་ཅིག་འདས་གྲོངས་སུ་གྱུར་གྱི་ཡོད། ཉེ་ཆར་རྒྱ་ནག་གཞུང་གིས་རྡུང་རྡེག་མནར་གཅོད་འོག་ཁམས༌འབྲི་རུའི་བུད་མེད་ལྷ་མོ་ལགས་འདས་གྲོངས་སུ་གྱུར་ཡོད།
རྒྱ་ནག་གཞུང་གི་དཔོན་རིགས་ངོས་ནས་ཚུལ་ཁྲིམས་ལགས་ཀྱི་ནང་མིར་ཁོང་གང་དུ་ཡོད་མེད་ཐད་གསལ་སྟོན་བྱེད་དགོས། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་ཨ་མདོ་རྔ་པའི་དཔོན་རིགས་ཚོས་ཀྱང་ཁོང་ལ་ནང་མི་ཐུག་འཕྲད་བྱེད་བཅུག་དགོས་ཀྱི་ཡོད།
དེ་སྔ་ཕྱི་ལོ་ ༢༠༡༨ ལོར་ཁོང་གིས་སྐད་འཕྲིན་བརྒྱུད་བཙན་བྱོལ་དུ་ཡོད་པའི་བོད་མི་ཁག་གཅིག་དང་ལྷན་དུ་བོད་དོན་གླེང་སློང་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད་འདུག དུས་རྒྱུན་དུ་གྲྭ་ཚུལ་ཁྲིམས་ལགས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་སྐོར་དང་བོད་དོན་ཐད་ལས་འགུལ་ཇེ་ཆེར་སྤེལ་མཁན་ཞིག་ཡིན། ཕྱི་ལོ་ ༢༠༡༩ ལོའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་༸སྐུའི་འཁྲུངས་སྐར་གྱི་ཉིན་ཁ་པར་གྱི་ལམ་ནས་ཁོང་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཞིག་དང་མཉམ་དུ་གླེང་སློང་བྱས་པ་དང་། དེ་བཞིན་ཁོང་གིས་སྦྲགས་ཁང་བརྒྱུད་ཕྱི་ལོག་གི་དཔེ་ཆ་གལ་ཆེན་མང་པོ་ཞིག་བོད་ནང་གི་ས་ཆ་གང་མང་ཞིག་ལ་འགྲེམས་སྤེལ་བྱས་འདུག
གཞན་ཡང་ཁོང་གིས་བོད་དུ་ཆད་ལྟ་བ་ཞེས་པའི་སྒེར་ཀྱི་རྩོམ་རིགས་དྲ་ཚིགས་ཐོག་བོད་དང་འབྲེལ་བའི་རྩོམ་རིགས་སྤེལ་བར་བརྟེན་དྲ་ཚིགས་དེ་ཡང་སྒོ་བརྒྱབ་ཡོད།
གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ནི། མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་དཀར་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ལ་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཁོང་ལོ་དྲུག་ཙམ་ནས་མདོ་སྨད་རྔ་ཡུལ་གྱི་བོན་གྱི་དགོན་པ་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་རྒྱུན་སྐྱོང་གིས་ད་ལྟ་སྔགས་ཀྱི་འཛིན་གྲྭ་ཐོན་ཡོད་འདུག ཁོང་གི་ཕ་མིང་ལ་བཀྲ་ཤིས་དོན་གྲུབ་དང་ལོ་ ༦༨ ཡིན་ཞིང་། མ་མིང་ལ་མཚོ་མོ་ཟེར་ཞིང་ལོ ༥༧ ཡིན་འདུག ཁོང་ལ་ཕ་མ་གཅིག་གི་སྤུན་མཆེད་ལྔ་ཡོད་པ་བཅས། །