ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཟླ་བ། ༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ཨ་རིའི་རྒྱ་གར་ཐེབས་རྩ་ཁང་( American Indian Foundation) དང་ལྷན་ལོ་གསུམ་རིང་ཟུང་སྦྲེལ་གྱི་ལས་གཞི་ཞིག་བརྩམས་ཡོད་པ་དང་། ཨ་རིའི་རྒྱ་གར་ཐེབས་རྩ་ཁང་བརྒྱུད་ཐེབས་རྩ་ཁང་དེའི་ཝི་ལིམ་ཇེ་ཁི་ལིན་ཊོན་ (William J. Clinton Fellows) རོགས་དངུལ་ཐོབ་མཁན་གཞོན་སྐྱེས་གཉིས་ཕྱི་ཟླ་ ༩ ནས་ཟླ་གྲངས་ ༡༠ རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ནང་སྤྱི་ཚོགས་ཞབས་འདེགས་ཞུ་སླད་ཡོང་གི་ཡོད།
དེ་ཡང་ཐེངས་དང་པོའི་ཟུང་སྦྲེལ་གྱི་ལས་གཞི་དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་འགོ་བཙུགས་ཡོད་པ་དང་། ཐོག་མའི་ཟུང་སྦྲེལ་གྱི་ལས་གཞིའི་ཁོངས་སློབ་གཉེར་བ་ཆེ་ནམ་བྷར་ཤེ་ (Chenam Barshee) ལགས་དང་། བསྟན་འཛིན་སྒྲོལ་དཀར་ (Tenzin Dolkar Tsagong) ལགས་རྣམ་གཉིས་ཀྱིས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པ་ (TED) དང་། བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་ནང་ཞབས་འདེགས་ཞུས་ཡོད།
ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་ཟུང་སྦྲེལ་ལས་གཞིའི་ཁྲོད་གཞོན་སྐྱེས་ཏྲིཤ་ལ་བྷཕ་ནཱ་ (Ms. Trishla Bafna) ལགས་དང་། ཤི་ཝན་གྷི་སིངྒ་ (Ms. Shivangi Singh) ལགས་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕོ་མོའི་ནུས་སྟོབས་དང་ཁེ་ལས་ལས་རིགས་གོང་འཕེལ་དང་འབྲེལ་བའི་ལས་གཞིའི་ཐོག་ཕྱག་ལས་གནང་རྒྱུ་རེད་འདུག
ཤི་ཝན་གྷི་སིངྒ་ (Ms. Shivangi Singh) ལགས་ཀྱིས་གུ་ཡངས་སློབ་ཚན་ (Liberal Studies ) དང་། སེམས་ཁམས་རིག་པའི་སློབ་སྟོན་ (Counselling Psychology) ཐོག་སློབ་སྦྱོང་གནང་ཡོད་པ་མ་ཟད། ཕོ་མོའི་ནུས་སྟོབས་གོང་འཕེལ་དང་ཁེ་ལས་འཕེལ་རྒྱས་ཀྱི་ལས་གཞི་ཐོག་ལོ་བདུན་ལྷག་ཕྱག་ལས་གནང་བའི་ཉམས་མྱོང་ཡོད།
ཏྲིཤ་ལ་བྷཕ་ནཱ་ (Ms. Trishla Bafna) ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོའི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞི་ལས་ཁུངས་ [ United Nations Office for Project Services (UNOPS) ] ནང་ཡར་རྒྱས་གོང་འཕེལ་གྱི་ཟུང་སྦྲེལ་ལས་གཞིའི་ཐོག་ཕྱག་ལས་གནང་མྱོང་ཡོད།
དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ལས་རོགས་དང་ཚོང་ལས་ཡར་རྒྱས་རམ་འདེགས་ཚན་པའི་ལས་འཆར་བཀོད་འདོམས་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས། གསར་གཏོད་ཀྱི་བསམ་བློ་ལྡན་པའི་གཞོན་སྐྱེས་བུད་མེད་གཉིས་ཀྱིས་དྲ་རྒྱ་བརྒྱུད་ཕྱག་ལས་གནང་བར་རྗེས་སུ་ཡི་རང་ཞུས་ཡོད།།