ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ ཉིན་རྒྱ་གར་གྱི་གྷོ་ཝ་ (Goa ) མངའ་སྡེ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་དཱ་དུ་མཱནྡྲེ་ཀར་ (Dadu Mandrekar ) ལགས་སྙུང་གཞིའི་རྐྱེན་པས་དགུང་ལོ་ ༦༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་དཱ་དུ་མཱནྡྲེ་ཀར་ལགས་ནི། རྩོམ་པ་པོ་དང་། སྙན་ངག་པ། གསར་འགོད་པ། པར་པ། ཉམས་ཞིབ་པ། སྤྱི་ཚོགས་ལས་འགུལ་བ་བཅས་ཡིན་ཞིང་། ཁོང་གིས་རྒྱ་གར་ལྷོ་ཕྱོགས་མ་རཱ་ཋིའི་ (Marathi) སྐད་ཡིག་ཐོག་དཔེ་དེབ་མང་པོ་ཞིག་བྲིས་ཡོད་པ་མ་ཟད། བོད་དོན་སྐོར་ལའང་དཔེ་དེབ་བྲིས་ཡོད།
བོད་དོན་རྒྱབ་སྐྱོར་བ་དཱ་དུ་མཱནྡྲེ་ཀར་ལགས་སྙུང་གཞིའི་རྐྱེན་པས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་(Core group for Tibetan Cause) ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། བོད་དོན་རྒྱབ་སྐྱོར་བ་དཱ་དུ་མཱནྡྲེ་ཀར་ལགས་ཀྱིས་སྐུ་འཚོ་བཞུགས་རིང་དུས་རྟག་ཏུ་བོད་མིའི་རང་དབང་འཐབ་རྩོད་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་དང་། དམ་པ་ཁོང་སྐུ་འདས་གྲོངས་སུ་ཕྱིན་པ་ནི་བོད་མིའི་རང་དབང་འཐད་རྩོད་ལ་གྱོང་གུན་ཧ་ཅང་ཆེན་པོ་ཞིག་རག་ཡོད། ཅེས་དང་།
ང་ཚོས་དམ་པ་ཁོང་ལ་གུས་འདུད་དང་སྦྲགས་མགྱོགས་མྱུར་མི་ལུས་རིན་པོ་ཆེའི་སྐྱེ་བ་ལེན་ཐུབ་པའི་སྨོན་ལམ་འདེབས་བཞིན་ཡོད། དེ་བཞིན་དམ་པ་ཁོང་གི་ནང་མི་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། དམ་པ་ཁོང་གིས་བོད་དོན་བདེན་མཐའ་གསལ་ཐབས་སུ་ཞབས་འདེགས་རླབས་ཆེན་ཞུས་པ་དེ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོས་དུས་རྟག་ཏུ་དྲན་ངེས་ཡིན། ཞེས་འཁོད་ཡོད།
དཱ་དུ་མཱནྡྲེ་ཀར་ལགས་ཀྱིས་བོད་དོན་ལས་འགུལ་མང་པོ་གོ་སྒྲིག་གནང་བ་མ་ཟད། བོད་དོན་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་རྡ་སར་ཚོགས་པའི་སྐབས་སུའང་དམ་པ་ཁོང་མཉམ་ཞུགས་གནང་ཡོད། དམ་པ་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གྷོ་ཝ་ནང་བོད་དོན་དང་འབྲེལ་བའི་ལས་གཞི་མང་པོ་སྤེལ་ཡོད། དམ་པ་ཁོང་གིས་གྷོ་ཝ་ནང་པར་རིས་ཀྱི་ལམ་ནས་བོད་དོན་ལས་འགུལ་མང་དག་ཅིག་སྤེལ་ཡོད། དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོར་བོད་དོན་ཆེད་དུ་ཞུ་གཏུག་གི་ལས་འགུལ་རྒྱ་ཆེ་སྤེལ་ཡོད། །