ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༦ རེས་གཟའ་པ་སངས། ༄༅། །འདི་གར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥ འཁོད་བཀའ་ཕེབས་དགོངས་དོན་བཞིན། བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་ཁོངས། སྦེལ་ཀོབ་བདེ་སྐྱིད་སླར་གསོ་བོད་མིའི་གཞིས་ཆགས་ཀྱི་༸རྒྱལ་བའི་བཀྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ཟླ་ ༩ ཚེས་ ༡༨ དང་ ༢༣ ཉིན་སོ་སོར་མེ་སོར་དང་ཧོན་སུར་བཅས་སུ་བསྐྱོད་དེ་ས་གནས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཞུས་པ་དང་སྦྲགས་ཕྱག་རྟགས་སུ་སྐུ་ཐང་ཕུལ་ཡོད།
མཇལ་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ནས་འདི་ལོར་མགོན་པོ་གང་ཉིད་མཆོག་ལ་བཀྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་པའི་སྐོར་དང་། གང་ཉིད་མཆོག་ནི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་བཀྲིན་ཆེན་པོ་ཡིན་པ་དང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ངོ་སྤྲོད་གནང་ཡོད། །