ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཇམ་སི་ཊོན་ཉམས་ཞིབ་བསྟི་གནས་ཁང་ Jamestown Foundation གིས་ཕྱི་ལོ ༢༠༢༠ ཟླ་ ༩ ཚེས་ ༢༢ ཉིན་བོད་ནང་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་སྙན་ཐོ་བཏོན་ཡོད་པ་དང་། སྙན་ཐོ་དེ་ནི་བོད་དང་ཤར་ཏུར་ཀི་སི་ཐན་སྐོར་ཉམས་ཞིབ་གནང་མཁན་ཨེ་ཌི་རི་ཨན་ཛན་ཛི་ Adrian Zenz ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་སྐོར་ཉམས་ཞིབ་གནང་བའི་སྙན་ཐོ་ཞིག་ཡིན་ཞིང་། སྙན་ཐོ་དེ་གཞི་ལ་བཞག་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༧ ཉིན་ཨིན་ཡུལ་གྱི་གྲོས་ཚོགས་ཝེ་སི་ཊི་མིན་སི་ཊར་ཚོགས་ཁང་ Westminster Hall ནང་རྒྱ་ནག་གཞུང་གིས་བོད་ནང་ངལ་རྩོལ་ལས་གཞི་མགྱོགས་མྱུར་རྒྱ་སྐྱེད་བྱེད་བཞིན་ཡོད་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད།
དེ་ཡང་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལཱ་ཨིན་སི་མི་ཐི་ Iain Duncan Smith མཆོག་གིས་བགྲོ་གླེང་དབུ་འཛུགས་གནང་སྐབས་གསུང་དོན། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ངོ་བོ་རྩ་གཏོར་གཏོང་ཆེད་དུ་བཙན་དབང་གིས་བོད་མི་ཚོ་ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་ཉམས་ཞིབ་ཀྱི་སྙན་ཐོ་བློ་ཡུལ་དུ་ཤོང་དཀའ་བ་བཏོན་ཡོད། བོད་མི་ཚོ་བཙན་དབང་གིས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་འཇུག་མཁན་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོར་ཨིན་ཡུལ་གཞུང་གིས་དམ་བསྒྲགས་བཀའ་ཆད་གཅོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
གྲོས་ཚོགས་འཐུས་མི་ཝེ་ར་ Wera Hobhouse མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་བརླག་ཏུ་གཏོང་ཆེད་བོད་ཡིག་སློབ་ཁྲིད་བྱེད་རྒྱུའི་ཚབ་ཏུ་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་རྩ་བརླག་ཏུ་གཏོང་སླད་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་གཏོར་བཤིག་བཏང་ཡོད་པ་དང་། ཨིན་ཡུལ་གཞུང་གིས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་ཆེད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འབྱུང་འགྱུར་ཡང་སྲིད་ཀྱི་གནད་དོན་ཐད་གཞུང་འབྲེལ་ཐོག་འཐབ་བྱུས་གསར་པ་ཞིག་གཏན་འབེབས་གནང་དགོས། ཞེས་གསུངས།
ཨིན་ཡུལ་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ Tim Loughton མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་ནས་བཟུང་བོད་ནང་བོད་མིའི་གཞི་རྩའི་འགྲོ་བ་མིིའི་ཐོབ་ཐང་དང་། ཆོས་དད་རང་དབང་། འགྲོ་འདུག་རང་དབང་། འདུ་འཛོམས་རང་དབང་སོགས་ཀྱི་ཐོག་དམ་བསྒྲགས་བྱས་པ་མ་ཟད། བོད་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་དང་། བོད་མི་བཙོན་འཇུག་བྱས་པ། མནར་གཅོད་བཏང་བ། མི་རིགས་དབྱེ་འབྱེད་སོགས་བྱས་པ་དེ་དག་ནམ་ཡང་བརྗེད་མི་རུང་། ཞེས་དང་།
ན་ནིང་ལོར་ཨིན་ཡུལ་གྱི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ངོ་སྤྲོད་གནང་ཡོད་པ་དང་། ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
གྲོས་ཚོགས་འཐུས་མི་ཀེ་རེ་ Kerry McCarthy མཆོག་གིས། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་གཏོར་བཤིག་བཏང་སྟེ་མུ་མཐུད་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས།
གྲོས་ཚོགས་འཐུས་མི་ Fiona མཆོག་གིས། ཨིན་ཡུན་གྱི་སྲིད་བློན་མཆོག་གིས་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་བོད་ནང་ངལ་རྩོལ་བསྒྱུར་བཀོད་ཁང་འཛུགས་སྐྲུན་བྱས་ཡོད་པ་དེར་རྟོག་ཞིབ་ཚོགས་ཆུང་ཆེད་འཛུགས་དགོས་པའི་འབོད་སྐུལ་གནང་དགོས་པ་སོགས་ཀྱི་སྐོར་གསུངས།
གྲོས་ཚོགས་འཐུས་མི་ Patrick Grady མཆོག་གིས་གསུང་དོན། གསར་འགོད་པ་དང་། ཤེས་ཡོན་ཅན། རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་རྣམས་ལ་བོད་ནང་གི་གནས་སྟངས་སྐོར་རྟོག་ཞིབ་སླད་རང་དབང་གི་གོ་སྐབས་སྤྲོད་དགོས། ཞེས་གསུངས།
ཨིན་ཡུལ་གྲོས་ཚོགས་འཐུས་མི་ Stephen Kinnock མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེ་ད་ཆ་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་བས་ཧ་ཅང་སེམས་འཚབ་ཡོད། ཅེས་དང་། ཨིན་ཡུལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དང་ཤར་ཏུར་ཀི་སི་ཐན་ནང་ངལ་རྩོལ་བསྒྱུར་བཀོད་ཁང་ཡོད་པ་དེ་དག་གི་སྐོར་ལ་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པའི་འབོད་སྐུལ་ཞུ་དགོས་ཞེས་གསུངས།
གྲོས་ཚོགས་འཐུས་མི་ Nigel Adams མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་བྱེད་བཞིན་པ་དེ་གུ་ཡངས་བཏང་སྟེ་བོད་མིའི་རིག་གཞུང་དང་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་པ་སོགས་ཀྱི་སྐོར་གསུངས།།