ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ ཉིན་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དྲ་ལམ་བརྒྱུད་གཙོ་སྐྱོང་དང་། འབུམ་རམས་པ་ནི་ཤིས་ཀུ་ར་ཚེ་དབང་ Dr. Nishikura Tsewang ལགས་ཀྱིས་སྤྲོད་དཔང་གནང་སྟེ་ཉི་ཧོང་སྐུ་ཚབ་དོན་གཅོད་གསར་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་སྐུ་ཚབ་དོན་གཅོད་ཟུར་པ་ལུང་རྟོགས་ལགས་དབར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་བདེ་ལེགས་ངང་ཚོགས་ཡོད། ནི་ཤིས་ཀུ་ར་ཚེ་དབང་ལགས་ཀྱིས་དོན་གཅོད་ཟུར་པ་ལུང་རྟོགས་ལགས་ཀྱིས་ལོ་མང་རིང་ལྷག་བསམ་རྣམ་དག་གིས་བོད་དོན་སླད་ཞབས་འདེགས་བསྒྲུབས་པར་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་དོན་གཅོད་གསར་པ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་ཕེབས་བསུ་ཞུས་ཡོད།
ཕྱི་ཚེས་ ༢༨ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་གསར་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་སྐུ་ཚབ་དོན་གཅོད་ཟུར་པ་ལུང་རྟོགས་ལགས་རྣམ་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་དང་ཐུག་འཕྲད་གནང་སྟེ་བོད་ཀྱི་གནད་དོན་སྐོར་གསུངས་ཡོད་པ་དང་། སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་འཕྲོད་བཞེས་སྐོར་བཀའ་འདྲི་གནང་ཡོད་པ་མ་ཟད། ཞི་བའི་ངང་བོད་དོན་བདེན་མཐའ་གསལ་བར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་དང་། གཞན་ཡང་ཁོང་གིས་སྐུ་ཚབ་གསར་རྙིང་རྣམ་པ་གཉིས་ཀྱི་མ་འོངས་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་གནང་ཡོད།
ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་སྐུ་ཚབ་དོན་གཅོད་ཟུར་པ་ལུང་རྟོགས་ལགས་རྣམ་གཉིས་ཀྱིས་སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ལ་ཐུག་འཕྲད་གནང་སྐབས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ All Party Japanese Parliamentary Group for Tibet པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས ་Mr. Nagao Takashi མཆོག་ཀྱང་ལྷན་བཅར་གནང་ཡོད། སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་མཆོག་གིས་དོན་གཅོད་ཟུར་པ་ལུང་རྟོགས་ལགས་ལ་བསྔགས་བརྗོད་དང་དོན་གཅོད་གསར་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་ཕེབས་བསུ་གནང་ཡོད་པ་བཅས།།