ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཨེ་པི་ཇི་ཨབ་དུལ་ཀ་ལམ་རྒྱལ་སྤྱིའི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་ Dr. A.P.J. Abdul Kalam མཆོག་འཁྲུངས་ནས་ལོ་ངོ་ ༨༩ འཁོར་བའི་དུས་དྲན་དྲ་ལམ་བརྒྱུད་སྲུང་བརྩི་ཞུས་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨེ་པི་ཇི་ཨབ་དུལ་ཀ་ལམ་རྒྱལ་སྤྱིའི་དགེ་རྩ་ཚོགས་པས་ཇི་ལྟར་སྔོན་ནས་སྐུ་མགྲོན་གཙོ་བོར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ང་ཚོ་མཉམ་རུབ་ཀྱིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ Working Together for a Peaceful World ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།
བཀུར་འོས་མཆེད་གྲོགས་ཕོ་མོ་རྣམ་པ། ངོས་རང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་མཆོག་གི་སྐོར་བརྗོད་རྒྱུའི་གོ་སྐབས་བྱུང་བས་དགའ་ཚོར་བྱུང་། ངོས་རང་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ཡིན་ཞིང་། ཕྱོགས་གཅིག་ནས་ངོས་རང་རྒྱ་གར་གྱི་སྐུ་མགྲོན་ཡུན་རིང་ཤོས་དེ་ཆགས་ཡོད། ཕྱི་ལོ་ ༡༩༥༦ ལོར་ངོས་རང་ཐེངས་དང་པོ་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་རྗེས་དྲན་སྲུང་བརྩི་མཛད་སྒོར་བཅར་བ་ཡིན།
སྐབས་དེ་དུས་ངོས་རང་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱཇེནྡྲ་པྲཱ་སཱད་ Shri. Dr. Rajendra Prasad མཆོག་དང་སར་ཝེ་པལླི་རཱ་ད་ཀྲིཤཎ་ Dr.Sarvepalli Radhakrishnan མཆོག དེ་བཞིན་རྒྱ་གར་གྱི་སྲིད་བློན་མཆོག་སོགས་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་མཆོག་ལ་མཚོན་ན་དམིགས་བསལ་གྱི་གལ་ཆེན་པོ་ཆགས་ཡོད།
དམ་པ་ཁོང་ཁྱིམ་ཚང་དཀྱུས་མ་ཞིག་གི་ནང་འཁྲུངས་ནས་སྤྱིར་བཏང་སློབ་སྦྱོང་གནང་ཡོད་པ་མ་ཟད། ལྷག་པར་ཁོང་གིས་ཚན་རིག་སློབ་སྦྱོང་ལ་དགའ་མོས་གནང་ཡོད། ངོས་རང་དམ་པ་ཁོང་དང་ཐུག་འཕྲད་བྱེད་སྐབས་ཁོང་ནི་རང་བཞིན་ཧ་ཅང་ཞི་ཞིང་དུལ་བ་ཞིག་འདུག དེ་རིང་ཨེ་པི་ཇི་ཨབ་དུལ་ཀ་ལམ་མཆོག་དང་ལོ་ངོ་སྟོང་ཕྲག་ལྷག་གི་རྒྱ་གར་གྱི་རིག་གཞུང་། ལྷག་པར་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་སྐོར་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་མཆོག་ནི་ཁ་ཆེ་ཡིན་ཡང་རྒྱ་གར་གྱི་འགོ་ཁྲིད་གོ་གནས་ཚད་མཐོ་ཤོས་ལ་སླེབས་མྱོང་ཡོད།
ངོས་ཀྱིས་ནམ་རྒྱུན་རྒྱ་གར་ནི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ཡོད་མཁན་གྱི་རྒྱལ་ཁབ་མིག་དཔེ་ལྟ་བུ་རེད། ཅེས་བརྗོད་ཀྱི་ཡོད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་རིང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱས་ནས་གནས་པ་མ་ཟད། ཕྱིས་སུ་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། གཅེར་བུ་བའི་ཆོས་ལུགས་སོགས་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་རྒྱ་གར་ནང་མཐུན་སྒྲིལ་དང་ཕན་ཚུན་བརྩི་བཀུར་བྱས་ནས་གནས་ཡོད། དེར་བརྟེན་དེ་རིང་ངོས་རང་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེ་པི་ཇི་ཨབ་དུལ་ཀ་ལམ་མཆོག་དང་རྒྱ་གར་གྱི་རིག་གཞུང་། ལྷག་པར་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་སྐོར་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་།
ངོས་རང་ནམ་རྒྱུན་ཕན་ཚུན་དབར་བགྲོ་གླེང་བྱེད་རྒྱུར་དགའ་པོ་ཡོད་པ་མ་ཟད། ཅུང་ཙམ་རྩོད་པ་རྒྱག་རྒྱུར་དགའ་པོ་ཡོད། རྒྱུ་མཚན་ནི་ང་ཚོའི་རིག་གཞུང་རྒྱ་གར་གྱི་དཔལ་ནཱ་ལེནྡྲ་ནས་དར་བ་རེད། ང་ཚོའི་སློབ་སྦྱོང་བྱེད་སྟངས་དེ་རྟག་པར་རྩོད་པ་བརྒྱབ་ནས་སློབ་སྦྱོང་བྱེད་ཀྱི་ཡོད། རིགས་པས་སྒྲུབ་བྱེད་བཀོད་ནས་འགྲོ་ཡི་ཡོད། ལོ་ངོ་སྟོང་ཕྲག་གསུམ་གོང་ནས་དར་བའི་རྒྱ་གར་གྱི་རིག་གཞུང་འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་བ་དེ་ཧ་ལས་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་བསྩལ།།